ཡིག་འབྲུ་སུམ་ཅུ།
གངས་རིའི་འདབས་སུ།
རྩམ་དྲི་འཐུལ་བའི་ཡིག་འབྲུ་སུམ་ཅུ་ཡོད།
སྤང་ཐང་སྟེང་དུ།
མར་དྲི་འཐུལ་བའི་ཡིག་འབྲུ་སུམ་ཅུ་ཡོད།
ཡིག་འབྲུ་སུམ་ཅུས།
ཕ་སྤྲེལ་རྒན་གྱི་བྱམས་སེམས་ད་བར་བསྒྲགས།
མ་བྲག་སྲིན་གྱི་སྙིང་སྟོབས་ད་བར་སྤེལ།
ཡིག་འབྲུ་སུམ་ཅུས།
ལྷ་སྒྲུང་གི་གསང་བ་གླིང་ལ་ཁྱབ།
ལོ་རྒྱུས་ཀྱི་ཆག་འཇིག་སེམས་ན་གསལ།
ཡིག་འབྲུ་སུམ་ཅུས།
བཅུ་ཕྲག་གི་ནོར་བུ་མཛོད་ལ་བསྡུས།
ཤེས་རིག་གི་མེ་ཏོག་གངས་ལ་བཏབས།
འོན་ཀྱང་ད་ཆ། ཡིག་འབྲུ་སུམ་ཅུ།
རིགས་མཐུན་གྱི་རུམ་ནས་རུལ་དྲི་འཐུལ་ལེར།
རང་རིགས་ཀྱི་ཁོག་ནས་བཙོག་དྲི་འཐུལ་ལེར།
ལང་ཚོ་ཡི་གཟི་མདངས་ཉམས།
བསོད་ནམས་ཀྱི་དབང་ཐང་རྒུད།
ཨ་མའི་གོ་ཁ་ནས་ཡིག་འབྲུ་སུམ་ཅུ།
ལྕི་བ་དང་མཉམ་དུ་མེ་ལ་འབུད་རན།
ཨ་ཕའི་ལག་མགོ་ནས་ཡིག་འབྲུ་སུམ་ཅུ།
ཀུ་རུ་དང་མཉམ་དུ་གཏན་ནས་བུད་རན།
བུ་ཕྲུག་གི་ཁ་ནས་ཡིག་འབྲུ་སུམ་ཅུ།
རྩམ་པ་དང་མཉམ་དུ་རྩ་ནས་དོར་རན།
ཡིག་འབྲུ་སུམ་ཅུ།
ར་མ་ལུག་གི་ཐན་སྐད་དང་མཉམ་དུ།
ཡ་མ་ཟུང་གི་འདྲེ་སྐད་དང་ལྷན་དུ།
རིགས་མཐུན་གྱི་ཁྱུ་ནས།
རིང་དུ་གྱེས་ལ་ཉེ།
བོད་པ་ལགས།
སྐད་དང་ཡི་གེ་མི་རིགས་ཀྱི་བླ་སྲོག་ཡིན་པ།
ཤེས་ཡོད་ན།
ང་ཚོ་བླ་སྲོག་དོར་ནས་འཚོ་ཐུབ་བམ།
སྐད་དང་ཡི་གེ་མི་རིགས་ཀྱི་མཚོན་རྟགས་ཡིན་པ།
རྟོགས་ཡོད་ན།
ང་ཚོ་ཕུང་གསུམ་གྱི་མི་རིགས་ཤིག་བྱེད་འདོད་དམ།
རིགས་མཐུན་གྱི་སྤུན་ཟླ་ལགས།
རྩོམ་ཁུངས། ངེད་དྲ་བ།