ང་སྡོད་སའི་གྲོང་ཁྱེར།
ནག་ནོག་གི་ནམ་མཁའ་ན་འཕྱོ་བའི་ཉི་གཞོན་
ངའི་དྲན་ཞིང་ན་ལུས་པའི་མར་མེ་རྐང་གཅིག་
གྲོང་ཁྱེར་འདིའི་གློག་འོད་ལས་
གུ་དོག་པའི་སྲང་ལམ་གྱི་བར་ཐག་ན་
རླངས་འཁོར་གྱིས་སྡུར་སྒྲས་གཙེས་པའི་མི་འདི་དག་
བཟོ་གྲྭ་ཡི་དུ་ནག་ལ་རྔུབ་ཀྱིན་ རྔུབ་ཀྱིན་
གྲོང་ཁྱེར་འདིའི་མ་འོངས་ལ་ཚོད་བགམ་གྱི་ཆོལ་གཏམ་ཚུགས་
ལྷུན་པོ་བཞིན་གྱེན་པའི་བ་ཁམས་ཅན་
ཚང་ཚིང་ནགས་གསེབ་ལྟར་གྲོང་ཁྱེར་འདི་བསྒྲིབས་ཤིང་
ཉམ་ཆུང་གི་ཚེ་སྲོག་དག་
བག་མེད་དུ་སྤྱོད་པའི་སྨྱོ་ཧམ་ཅན་ཚོར་འཁང་ར་ཡི་ཚིག་ངན་འཕེན་གྱིན་
རྒྱུ་འབྲས་བསླུ་བ་ཡི་གནས་ལུགས་བརྗོད་
གང་ལྟར་ བྱམས་སེམས་ཀྱི་གྲིབ་མ་དབེན་པའི་གྲོང་ཁྱེར་འདིའི་ཟུར་ཁ་ཞིག་ན་
ངའི་ཆེས་ཆུང་བའི་མིག་ཟུང་འདི་ངལ་སོང་ལ་
གྲོང་ཁྱེར་འདིར་ཆགས་པའི་བརྩེ་སེམས་ཀྱི་ལྷན་པ་དེ་ཡང་ཟད་སོང་
༼ ༢༠༡༣. ༣.༡༨ ༽ ས་སྲོད་དུ་ཉལ་ཁང་གི་གྲུ་ཁ་རུ་
རྩོམ་ཁུངས། ངེད་དྲ་བ།