ཕ་ཡུལ་དྲན་གླུ།
མེ་ཏོག་ཅིག་དྲན་ནས།
དགུན་ཁ་ཞིག་འདས་སོང་།
དམངས་གླུ་ཞིག་བླངས་ནས།
འབྲོག་སྡེ་ཞིག་མྱུལ་མྱོང་།
______ཁ་བྱང་གི་འགྲེལ།
རྟ་ཕོ་ཞིག་མི་ཁུག་པའི་ལོ་ཟླའི་ནང་།
གཙང་བོའི་ཕ་རོལ་ནས་སྨྲེང་གླུ་ཁོ་ན་བླངས།
དཔེ་ཆ་ཁ་ཤས་ཀྱི་ཐིག་ཕྲེང་དུ་མར།
ཞབས་རྟགས་ཁ་ཤས་བཀོད་མཐར།
ཕ་ཡུལ་ལ་འགྲོ་བའི་སྟ་གོན་བྱས་སོང་།
དྲ་གྲོགས་སྙིང་ཉེ་དེར།
འཕྲིན་པ་རྗེས་མ་བཞག་རྗེས།
ཁ་པར་དུ་སེམས་ལྟ་བུའི་འཕྲིན་ཐུང་གཉིས་བྲིས་ཏེ།
གྱེས་ནས་སླར་ཡང་འཛོམས་རྒྱུར་གྲ་སྒྲིག་བྱས།
ལས་དབང་རེད་དང་མ་རེད་ཀྱི་འཕྲོ་ནས།
མེ་འཁོར་ལས་ལམ་གཉིས་ལ་བུད་སོང་།
ཕ་ཡུལ་དུ་ཉེ་བའི་དགོང་མོ་དེར།
ངས་སྙན་ངག་ཅིག་བྲིས་ཏེ།
མེ་འཁོར་ལས་འབབ་གྲབས་ཡོད་པའང་བཤད།
དེ་ནི་ཕལ་ཆེར་བྲལ་ཚུལ་ངོ་མ་ཞིག་རེད།
འབབ་ཚུགས་དེར་མི་མང་བས།
ཁ་བ་མེད་པའི་རྐང་རྗེས་ཤིག་རྙེད་མ་སོང་།
གལ་ཏེ་ཕྱིར་མིག་གི་ལམ་དེ་ས་སྟོང་ཞིག་ཡིན་ན།
ང་ཚོས་ད་དུང་ལག་གཡུག་ཁ་ཤས་བྱས་ཆོག་ཨང་།
རང་ཚང་གི་སྒོར་ཉེ་དུས།
ད་གཟོད་ཕ་ཡུལ་དྲན་ནས་བཟོད་མ་སོང་།
ནམ་རྒྱུན་མཚན་མོར་ཟུག་པའི་རྒྱ་དམར་གྱིས།
རྒྱང་རིང་ནས་ལྕགས་ཐག་གི་ཨ་ལོང་ཟིལ་ཟིལ་སྒུལ་ཞིང་།
སྲ་མདའི་རིང་ཐུང་ནས་སྔོ་ར་འཚེར་བཞིན།
གཡག་རྡང་གི་སྣེ་ནས་ངུར་བའི་ནག་རྭས།
ང་ལ་དགའ་མདོག་གིས་རྡུང་ལ་ཁད་ཡང་ཡང་བྱས།
ཆ་ཡོད་ཆ་ཡོད་ཀྱི་ཚ་བོ་པྲ་ཚགས་དེའང་།
ཆ་མེད་ཆ་མེད་ཅིག་ཏུ་གྱུར་འདུག་སྟེ།
སྒོ་ཆོན་གྱི་སྟེང་ནས་བབས་རྗེས།
ཕྱིར་མིག་མེད་པར་ཁྱིམ་དུ་བྲོས་སོང་།
ཕ་ཡུལ་ལ་སླེབས་པའི་ས་སྲོད་དེར།
ངས་ཚ་བོའང་ནར་སོན་གྱིན་པ་ད་གཟོད་ཤེས།
རྒྱབ་ཁུག་ཏུ་བཅུག་པའི་རྩེད་ཆས་དེ་དག
ཁོས་རྩེད་ཆས་ཤིག་ཏུ་ངོས་འཛིན་སྲིད།
གློ་བུར་དུ། ཨ་མ་དང་སྲིང་མོ་གཉིས་འཚང་ནས་ཐོན་ཏེ།
ང་ལ་ཅི་ཞིག་བྱེད་པ་ཇི་ལྟར་ཤེས།
ཁྲིན་ཏུའུ་ནས་དེ་ལྟར་དྲན་བཞིན།
ཤ་མོག་སྡེར་མ་གང་ནང་བཞིན་གྱི།
སྟབས་བདེ་ཐུག་པ་ཞིག་འཐུང་གྲབས་བྱས།
གལ་ཏེ་ཕ་ཡུལ་ཡིན་ཚེ། ཤ་མོག་སྡེར་མ་གང་ཡིན།
ཆུ་ཁོལ་ཤོག་ཕོར་གང་གི་མིག་ཆུ།
དགོང་མོ་འདིར་ད་དུང་གློག་ཐབ་འདིའི་འགྲམ་ནས།
འུར་ཟིང་གི་གྲོང་ཁྱེར་ཁྲིན་ཏུའུ་ནས།
ཁང་མིག་འདིའི་ལྷིང་འཇགས་རུམ་དགོས།
༢༠༡༢ལོའི་ཟླ་༠༡པའི་ཚེས༡༩ལ།
རྩོམ་ཁུངས། ངེད་དྲ་བ།