མགོ་ལོག ཡང་ན་ཕ་ཡུལ་ཀློག་པ།
འོད་ཟེར་ཐ་དག་བསྡུ་གསོག་བརྒྱབ་རྗེས
ཁང་ཁྱིམ་ནས་གློག་འོད་ལ་རོལ་བཞིན
སྒེའུ་ཁུང་ཕྱི་རོལ་ལ་བལྟས
དྲ་མའི་ཤེལ་ལེབ་མེ་ལོང་ཞིག་ཏུ་གྱུར
ཕྱི་རོལ་ལ་ཨུ་ཚུགས་ཀྱིས་ཅེར་ཡང
ཁྱིམ་ཆས་དང་རང་གི་ངོ་གདོང་ལས་ཅི་ཡང་མ་སྣང
ཕྲན་བཤད།
རྐང་ཐང་བ།
སྤྱིར་སྙན་ངག་གི་ཡིད་གཟུགས་སྒྲིག་སྦྱོར་ལ་རྣམ་པ་མོད་དུ་མཆིས་ཀྱང་།སྐབས་སུ་བབས་པའི་སྙན་ངག་འདི་ཉིད་ལ་མཚོན་ན་གཅིག་ལ་གཅིག་འབྲེལ་གྱིས་སྙན་ངག་གི་ཡིད་གཟུགས་བང་རིམ་ལྟར་བསྒྲིགས་ཡོད་པས་ན།ཐོག་མར་ཡིད་གཟུགས་ཀྱི་བམ་སྤྱི་ལས་མངོན་པའི་ཚིག་ངོས་ལ་བསམ་གཞིགས་བྱས་ཏེ་ཀློག་པ་བོ་སོ་སོའི་མྱོང་རོལ་ལྟར་དོན་གྱི་ཤུགས་བསྟན་ལ་ལྕེ་ལྡག་བགྱིས་ཆོག
འོད་ཟེར་གྱིས་མཚོན་པའི་ཉིན་དཀར་གྱི་སྣང་བ་མཇུག་བསྒྲིལ་རྗེས་སྙན་ངག་པར་དབང་ཡོད་པ་ནི་ད་གཟོད་མཚན་མོ་ཡིན་ལ།མཚན་མོ་ནི་འགུལ་མེད་གྲག་མེད་ཀྱི་འཇིག་རྟེན་ཞིག་གི་ངོ་བོར་གྲུབ་ཡོད་པས་ན།སྙན་ངག་པས་ཁང་མིག་ཅིག་གི་ནང་རོལ་ནས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་མགོ་ལོག་གི་མིག་སྔར་གྱི་སྣང་ཚུལ་ལ་དཔེ་ཆ་ལྟར་ཐེངས་ཤིག་བཀླགས་ཚེ།སེམས་སུ་བབས་པ་ནི་གྲང་རླུང་ཁོ་ནའོ།།གྲང་རླུང་དེའི་རྐྱེན་གྱིས་སྙན་ངག་པས་འཇམ་ཅག་གེར་ཡོད་པའི་གློག་འོད་ལ་རོལ་ཞོར་སྒེའུ་ཤེལ་དུ་བལྟས་ལ།སྒེའུ་ཤེལ་ནི་ཁྱིམ་ཆས་དང་ངོ་གདོང་ལས་མཐོང་མི་ཐུབ་པའི་མེ་ལོང་ཞིག་ཏུ་གྱུར་ཡོད་པ་དེས་ཕ་མ་མ་གཏོགས་མི་ངོ་མི་ཤེས་ལ།གོ་ཁ་མ་གཏོགས་ས་ངོ་མི་ཤེས་པའི་མགོ་ལོག་གི་མཐོང་རྒྱའི་ཚད་བཀག་གི་སྣང་ཚུལ་ཞིག་མཚོན་ནས་འདུག།དེ་ཡང་ལྷོང་ཅིང་གྲག་མེད་ཀྱི་སྙན་ངག་གི་ཁམས་ཤིག་ནས་སྙན་ངག་པ་གཅིག་པུ་ད་གཟོད་མགོ་ལོག་གི་ཆེད་དུ་འགུལ་གྱིན་པ་ཚོར་དུས།སྙན་ངག་པ་ལ་སྙིང་རྗེ་སྐྱེ་འོང་བ་དང་མཉམ་དུ་རིགས་ཞེན་གྱི་འདུ་ཤེས་ཤིག་ཀྱང་སྐྱེས་འོང་།དེ་བས་སྙན་ངག་འདིའི་མཚོན་བྱ་མཚོན་བྱེད་གཉིས་ཀྱི་ཆ་ནས་གཞན་དུ་མེད་པའི་མཛེས་པ་ཞིག་ཚེར་མ་ལྟར་གཟེངས་ནས་འདུག་གོ།།
རྩོམ་ཁུངས། ངེད་དྲ་བ།