གཟི་ཁྲ་ཁྲ།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-06

           --- གཟི་ཡི་རི་མོར་བསྒོས་པའི་ཚོན་རྩི།  ༼སྔ་དུམ།༽
 
གླག་རྒོད་ཀྱི་གཤོག་ཟུང་གིས་ནམ་མཁའི་སྒོ་གླེགས་ཕྱེས་དུས
སྐར་ཚོགས་ཀྱི་མིག་མཐའ་ན་མྱ་ངན་གྱི་མཆི་མ་ཟགས་ཀྱིན་འདུག
 
གླག་རྒོད་ཀྱི་རྨི་ལམ་རླུང་ལ་བརྡར་ནས་མི་ལོ་དུ་མ་ཞིག་འདས་རྗེས
ཤོག་དཀར་སྟེང་གི་དབྱངས་གསལ་གྱི་ཡིག་འབྲུ་དག་གིས
གཤོག་པ་རྐྱོང་ཙམ་རྐྱོང་ཙམ་བྱས་ཏེ་རེ་རེ་བཞིན་ནམ་མཁར་འཕུར
 
ཚེར་མའི་གདན་སྟེང་ན་སྐྱིལ་ཀྲུང་གིས་སྡོད་པའི་མི་བུ་དག་གིས
འཆི་བའི་སྒོ་ཐེམ་ལ་གོམ་པ་སྤོས་ཀྱིན་སྤོས་ཀྱིན
རང་སེམས་ཀྱི་དགེ་སྡིག་ཡོད་ཚད་ལ་ལྕགས་ཟྭ་བརྒྱབ་སྟེ
ཞལ་གྱི་མེ་ཏོག་ལ་འཛུམ་གྱི་འདབ་མ་གྲོལ་གྱིན་འདུག
 
ར་བཟི་བའི་མི་དག་གིས་ང་རྒྱལ་གྱི་སྤོབས་པ་དང་སྦམ་བཟོ་ཁྱེར་ནས
མུན་ནག་གི་ཁམས་སུ་དུས་རབས་ཀྱི་སྒལ་ཚིགས་གཏོར་རྩིས་བྱེད་པ་ནི
གཉིད་ཀྱི་བྱེའུ་ཆུང་རྨི་ལམ་གྱི་ལྗོན་རྩེ་ནས་ནས་དཀྲོགས་པ་དང་འདྲ་བྱུང
 
ངག་མི་འཁྲོལ་བ་དེ་དག་གིས
རྩྭ་ཐང་ལ་གཏོར་བའི་མུ་ཏིག་གི་གོང་བུ་རེ་རེ་པང་དུ་འཐུ་བཞིན
ཚེ་སྲོག་གི་དར་ཐག་ལ་བརྒྱུས་པའི་གཟི་ཁྲ་ཁྲ་དེ་དྲན་གྱིན་འདུག
གཟི་ཡི་རི་མོ་ར་རེ་བཞིན་དྲན་གྱིན་འདུག
 
ཉི་མ་ངལ་དུབ་ཀྱིས་མནར་ཏེ་རྔུལ་ཆུའི་ཟིལ་བ་རྩྭ་གསེབ་ལ་འཐོར་ཞིང
ཟླ་བས་སྨྲ་བ་བསྡམས་ཏེ་འཆི་བའི་སྒེའུ་ཁུང་དལ་གྱི་རྡུང་དུས
ང་ལའང་རང་ཉིད་དང་འཚམ་པའི་རྨི་ལམ་ཞིག་ཡོད
དེ་ནི་སྔོན་ཆད་ཀྱི་སྔོན་ཆད་ཅིག་སྟེ
གཟི་ཁྲ་ཁྲའི་རྒྱུན་ཐག་མ་ཆད་པའི་སྔ་རོལ་ཡིན
 
སྐབས་འདིར        རང་སེམས་ཀྱི་བདེ་སྡུག་གི་གོང་བུ་ཡོད་ཚད
ནམ་མཁའི་ངོས་ཀྱི་ཤོག་བུ་སྔོན་པོའི་སྟེང་ན
དབྱངས་གསལ་གྱི་མུ་ཏིག་ཅིག་ལྟར་འདར་གྱིན་གདའ་ཨང
 
རྨི་ལམ་ཡོད་པའི་མི་ཕོ     ངས་དྲན་བཞིན་པའི་མེས་པོ་དེ་ཡིན
རི་མོ་ཡོད་པའི་གཟི་ཁྲ   ངས་འཚོལ་བཞིན་པའི་ནོར་བུ་དེ་ཡིན
 
                                               ༢༠༡༣   ༢   ༢༠ ཉིན་རྩེ་ཁོག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟི་ཁྲ་ཁྲ།

2013-04-06 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།