གཉིད་སོགས་སྙན་ངག་ཚན་པ་གསུམ།
གཉིད།
“མ་ཉལ་ལོངས་ལ་ཕྱོགས་སུ་ལྟོས།།
ཉལ་ན་གཉིད་ཀྱི་རྒྱ་མཚོར་ལྷུང་།།
གཉིད་མཚོར་ལྷུང་ན་འཇིགས་པ་ཆེ།།
ཤེས་རབ་འགྲིབ་ཅིང་བརྗེད་ངེས་བསྐྱེད།།”
གླེང་སློང་གི་ཚབ་ཏུ།
གཉིད་ཅིག
བདེ་བར་གཉིད་ཅིག
གཉིད་ཀྱི་གྲོང་ཚོ་ན།
བདེ་སྐྱིད་ལེགས་ཚོགས་ཀྱི་གཞི་མ་ཡོད་པས།
ཉིན་ཞག་གི་དབྱེ་བ་མེད་པར་གཉིད་ཅིག
བདེ་སྡུག་ལ་སེམས་ཁུར་མེད་པར་གཉིད་ཅིག
གཉིད་ཀྱི་རྒྱ་མཚོར་བྱིང་རག་བར་དུ་གཉིད་ཅིག
གཉིད་ཅིག
སྔུར་བ་ཧུར་ཧུར་འཐེན་བཞིན་གཉིད་ཅིག
གཉིད་ལམ་དུ་རྟོགས་པ་སྐྱེ་བའི་བར་དུ་གཉིད་ཅིག
གཏི་མུག་རྒྱལ་བོའི་ཆོ་ལོ་བསྩོལ་བའི་བར་དུ་གཉིད་ཅིག
གཅིག་བཟུང་གཉིས་ཤོར་གྱི་གཟི་བརྗིད་དཔང་ཡིག་གནང་བའི་བར་དུ་
གཉིད་ཅིག
གཉིད་ཅིག
མུ་མཐུད་དུ་གཉིད་ཅིག
ཡོད་ཚད་བརྗེད་ངེས་རྐུན་པོས་བརྐུས་ཚར་བར་དུ་གཉིད་ཅིག
ལོ་ངོ་བཞིའི་ལོ་ཟླ་ཟད་པའི་བར་དུ་གཉིད་ཅིག
ཐ་མ་ཁ།
ཞབས་སེར་ལུས་དཀར་དུག་གི་སྙིང་བོ་འདི།།
བཞི་བརྒྱ་ནད་གཞི་གསོ་བའི་ཐུར་མ་མིན།།
དབུགས་ཀྱི་རྒྱུ་བ་བསྲུབས་པའི་ངན་གྲོགས་སུ།།
བསླུ་བྲིད་སྒེག་མོའི་ཚུལ་དུ་བབས་པ་ལགས།།
སྔོན་འགྲོའི་ཚབ་ཏུ།
རྔུབས་ཤིག ཤུགས་ཀྱིས་རྔུབས་ཤིག
དབུགས་ཀྱི་རྒྱུ་བ་དང་བསྡོངས་ནས་རྔུབས་ཤིག
གཅིག་འཕྲོར་གཅིག་མཐུད་དེ་རྔུབས་ཤིག
ཉིན་དང་ཞག་མཐུད་དེ་རྔུབས་ཤིག
ཟླ་དང་ལོ་མཐུད་དེ་རྔུབས་ཤིག
མདོར་ན་ཉིན་མཚན་སུམ་བརྒྱ་དྲུག་ཅུར་རྔུབས་ཤིག
ལུས་ཟུངས་ཟད་པའི་བར་དུ་རྔུབས་ཤིག
བསམ་གཞིག་གི་སྒོ་རྩ་འགག་པའི་བར་དུ་རྔུབས་ཤིག
གློ་མཆིན་གྱི་འཕར་རྩ་འཇགས་པའི་བར་དུ་རྔུབས་ཤིག
རྔུབས་ཤིག
མུ་མཐུད་དུ་རྔུབས་ཤིག
“ལྷ་ཀླུ”མནོལ་བའི་བར་དུ་རྔུབས་ཤིག
སྣོམ་བྱེད་ཉམས་པའི་བར་དུ་རྔུབས་ཤིག
སོ་དཀར་འགྱུར་བའི་བར་དུ་རྔུབས་ཤིག
རུལ་དྲི་འཐུལ་བའི་བར་དུ་རྔུབས་ཤིག
རྔུབས་ཤིག
ཕོ་མོ་ཁྱད་མེད་དུ་རྔུབས་ཤིག
འགྲོ་ཞོར་དང་འདུག་ཞོར་དུ་རྔུབས་ཤིག
ཉལ་ཞོར་དང་ལངས་ཞོར་དུ་རྔུབས་ཤིག
འབྱུང་བཞི་འཁྲུགས་པའི་བར་དུ་རྔུབས་ཤིག
གྲོགས་པོ་དང་གྲོགས་པོ་བསྡོངས་ནས་རྔུབས་ཤིག
རེད་ཨ།
འདི་མ་རྔུབས་ན།
ཁྱེད་ཚང་ལ་དགྲ་ལྷ་མི་འཁོར་བར་སྲིད།
ཚེ་སྲོག་གི་རྒྱུན་བསྲིངས་མི་ཐུབ་པར་སྲིད།
ཁྱོད་ཀྱང་སྟག་ཤ་ར་མིན་པར་སྲིད།
སྨན་བུ་མོ་མིན་པར་སྲིད།
དེ་བས།
མུ་མཐུད་དུ་རྔུབས་ཤིག
རྔུབ་ཚད་ལོངས་པའི་བར་དུ་རྔུབས་ཤིག
ཆང་།
ཨ་རག་ཆང་གི་བདེ་བ་འདི་།།
བདེ་བའི་ནང་གི་བདེ་བ་མིན།།
དབང་རྩའི་ཚོར་ཤེས་སྦྲིད་པ་ཡི།།
ཡིད་སྲུབས་འཕྱོན་མའི་ཟློས་གར་ཡིན།།
ཁ་བྱང་གི་འགྲེལ་དུ།
འཐུངས་ཤིག
རྟེན་འབྲེལ་གྱི་ཐོག་མ་བསྒྲིགས་ནས་འཐུངས་ཤིག
གཅིག་ལས་གཅིག་རྔམ་གྱི་འཐུངས་ཤིག
དམ་བེ་དང་དམ་བེ་འགྲན་ནས་འཐུངས་ཤིག
དཔའ་ངར་དང་དཔའ་ངར་འགྲན་ནས་འཐུངས་ཤིག
ཕོ་མོ་དང་ཕོ་མོ་འཛོམས་ནས་འཐུངས་ཤིག
འཐུངས་ཤིག
གཉིད་བཅག་ཟས་བརྗེད་ཀྱིས་འཐུངས་ཤིག
སྒོར་ཁུག་སྟོང་བར་དུ་འཐུངས་ཤིག
གཡོ་སྒྱུས་སྦྱོར་བ་བཤམས་ནས་འཐུངས་ཤིག
ཁྲག་གི་མཚོ་མོ་བསྐྱིལ་ནས་འཐུངས་ཤིག
རྣམ་རིག་འཐོམས་པའི་བར་དུ་འཐུངས་ཤིག
ཁ་ཆུ་སྣ་ཆུ་འདྲེས་ཞོར་དུ་འཐུངས་ཤིག
བདུད་རྩི་ཆང་གི་མིང་སྟོང་བའི་བར་དུ་འཐུངས་ཤིག
གཤིན་རྗེའི་ཕོ་ཉས་འབོད་པའི་བར་དུ་འཐུངས་ཤིག
འཐུངས་ཤིག
ངེད་ཚང་དང་ཁོ་ཚང་ཟེར་ནས་འཐུངས་ཤིག
ང་བཟང་དང་ཁོ་བཟང་ཟེར་ནས་འཐུངས་ཤིག
རིན་བྲལ་ལོ་བཞི་ཚར་བའི་བར་དུ་འཐུངས་ཤིག
སྡུག་གི་བུ་ལོན་འཇལ་བའི་བར་དུ་འཐུངས་ཤིག
དལ་འབྱོར་དོན་ལྡན་རྗོགས་པའི་བར་དུ་འཐུངས་ཤིག
འཐུངས་ཤིག་་་་་་་་་
རྩོམ་ཁུངས། ངེད་དྲ་བ།