དྲན་པའི་ཕྱི་ནང་།
མཛུབ་རྩེ་ནས་ལི་ཐོ་བཤགས་པའི་ཤོག་ལྷེའི་ཚོགས་དང་།
བརྡ་རྟགས་དབེན་པའི་ཁ་པར་སྐྱོར་ཚུལ་གྱིས།
ཉིན་དང་མཚན་གྱི་རེ་སྒུག་གྲངས་མེད་ཅིག་གསོག་ནས།
མཇལ་འཛོམས་ཀྱི་ཉིན་མོར་རེ་བས་སྙེག་པ་བདེན་ཁ་རྙེད་ཐུབ་ཅིང་།
དྲན་པའི་མི་བཟོད་སེམས་ཀྱི་སྐྱོ་ཤས་ཕྲ་མོས།
དུང་བའི་བརྩེ་ཞེན་གྱི་ན་ཟུག
རློན་ནེམ་ནེམ་གྱི་མཆི་མར་བརྫིས་ཏེ།
བཙན་ཚུགས་ཀྱིས་བྲང་གཞུང་གི་ཐུར་དུ་འདེད་ཚུལ་ལས་ཀྱང་དབང་མེད་དྲན་པ་ར་སྤྲོད་བྱ་ཐུབ།
རྨི་ལམ་ལ་འཇའ་ཚོན་བཀྲ་བའི་ཉིན་འདི་གར།
ཁྱེད་ཀྱི་བྱད་བཞིན་མཐོང་སྐལ་མེད་ནའང་།
ཁྱེད་རང་འཁྲིས་སུ་གནས་པའི་ཐུགས་འཕྲད་ཅིག་རྟོག་བཟོ་བྱས་ཤིང་།
དྲན་གདུང་གི་ཟབ་ཚད་དེ་ཞིམ་མངར་གྱི་འོ་ལ་བསྒྲེས་ནས།
ཡུན་རིང་བོ་ཞིག་ལ་དམ་དུ་འཁྱུད་ན་བསམ།
རླབས་ཆེ་བའི་བརྩེ་དུང་གི་སྟོབས་ཀྱིས།
ཉིན་མཚན་འདི་དག་ལ། ཅི་ཞིག་བརྗེད་སོང་བ་ལྟ་བུའི་ཚོར་བས་མནན་ཅིང་།
ཤུགས་དྲག་པའི་དྲན་པའི་གདུང་བས།
ཟླ་ངོ་འདི་དག་ལ། ཅི་ཞིག་བོར་སྟོར་བྱུང་འདྲའི་ཡིད་སེམས་དཀྲུག་འགྲོ།
སྐད་ཅིག་མ་མ་ཡིན་པའི་དྲན་གདུང་མང་པོས་མནར་ཚུལ་གྱིས།
ངས་ཚོད་ཚོད་ལ་ཀི་ཞིག་འདེབས་འདོད་ཅིང་། ངས་བསམ་བསམ་ལ་སྙིང་ཁར་སྦར་འབྲད་ཅིག་བྱ་འདོད།
ཡིན་ཏེ། ཏག་ཏག་ལོ་ངོ་གཉིས་ཀྱི་ཉིན་ཐོག་ཟླ་བརྩེགས་དང་ཟླ་ཐོག་ལོ་བརྩེགས་ལ། ཁྱེད་ཀྱི་སྒོར་དབྱིབས་དུང་ཟླ་འདྲ་བའི་བྱད་བཞིན་ལྟ་ཅི།
ཁྱེད་ཀྱི་ཁུ་ལོ་ལྟ་བུའི་གསུང་སྐད་དང་ཚངས་མགུར་འདྲ་བའི་སེམས་གཏམ་ཞིག་ཀྱང་མྱོང་སྐལ་དུ་ཡེ་ནས་མ་རེག
ཡིད་ངོར་བསྙལ་བའི་དུས་ཡུན་རིང་དྲགས་པ་ཡིན་ནམ།
འབྲེལ་བ་ཡན་གར་བ་ཞིག་གི་ཤན་ཤུགས་ཀྱི་རྐྱེན་ཡིན།
གང་ལྟར། ཁྲག་སྙུག་གིས་བལྟམས་པའི་ཡིག་འབྲུ་འདི་དག
ཡ་ཆུང་སྙིང་གི་མཐིལ་ནས་ཤར་མར་བཞུར་འོང་།
ཞེ་སེམས་དྲོན་མོའི་དཀྱིལ་ནས་ཐོལ་གྱིས་ལྷུང་འོང་།
ཅི་ཁག ཁེར་རྐྱང་གི་སྟབས་ཀྱིས་ཡོད་ཚད་སྡུག་བསྔལ་རེད།
བརྩེ་དུང་གི་གཅོང་རོང་ལ་དཔྱངས་པའི་སྡུག་བསྔལ་གྱིས།
སྙན་འཇེབས་ཀྱི་རོལ་དབྱངས་དེའང་རྣར་གཟན་པའི་ཅ་ཅོ་ཉིད།
རོ་མངར་གྱི་ཟས་མཆོག་དེའང་་་་་་་་་་་་་་་
སོ་སོའི་འབྱུང་འགྱུར་གྱི་ལས་དོན་དེའི་ཆེད་ལ།
མ་འོངས་རང་རང་གི་འདུན་མ་དེའི་སླད་དུ།
ངེད་གཉིས་འདི་ལྟར་རང་རང་སར་མི་འདུར་ག་མེད་བྱུང་།
བར་ཐག་གི་རྐྱེན་པས། དྲན་གདུང་གི་ན་ཟུག་ལྕི་ཡང་།
བརྩེ་འདང་དེ་ཆུ་དང་ཉ་མོ་བཞིན་རྟག་ན།
དམ་བཅའ་དེ་རྡོ་བརྐོས་རི་མོ་ལྟར་བརྟན་ན།
ཆར་ཆུ་ལ་རེ་བའི་ཁུ་ལོ་བཞིན།
སྔོ་རྩྭ་ལ་སྨོན་པའི་གཡང་དཀར་ལྟར།
དབང་ཆོག་ཆོག་གི་དབྱར་གཞུང་པང་ནས་མཉམ་དུ་འཛོམས་ཐུབ་པའི་སྨོན་ལམ་འདེབས། སྨོན་ལམ་འདེབས།
རྩོམ་ཁུངས། ངེད་དྲ་བ།