ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།
ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།
ཕ་ཡུལ་གྱི་ན་ཟུག་མཐོང་མི་འདོད་པས་ཡིན་ལ།
ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།
ཕ་ཡུལ་ལ་བརྩེ་བ་ཆེ་དྲགས་པས་ཡིན།
ཕ་ཡུལ་དུ་ལོག་ཐེངས་རེ་རེར།
ངའི་སེམས་ཁ་རྨང་ནས་དཀྲིགས་འགྲོ་ལ།
ཕ་ཡུལ་དུ་ལོག་ཐེངས་རེ་རེར།
ངའི་གློ་སྙིང་མཆིན་གསུམ་འདར་ཡོང་།
ང་རང་ཕ་ཡུལ་གྱི་ས་རྡོ་ལ་ཁེན་ཏེ་ཡར་འགྲེངས་པ་དང་།
ཕ་ཡུལ་གྱི་གཏམ་རྒྱུད་ལ་གསན་ཏེ་ནར་སོན་པས།
མིང་མི་ཤེས་པའི་རི་ཆུ་རེ་རེ་ལ་བརྩེ་བ་ཟབ་མོ་ཆགས་ཡོད་ལ།
བརྗོད་མི་ཚར་པའི་གཏམ་རྒྱུད་རེ་རེ་ཡིས་མི་ཚེའི་ལམ་རྒྱགས་གནང་ཡོད།
དེ་བས་ན། སྦྲ་ནག་གི་དྲོད་ཁོལ་དང་ནོར་ལུག་གི་རྩེད་འཇོ་ནི།
ཐེམ་ཆེན་རྩྭ་ཐང་གི་ཆེས་མཛེས་པའི་རི་མོ་དང་།
ཆེས་སྙན་པའི་རོལ་མོ་སྟེ།
བདག་གི་མེས་པོ་ཚོས་དུས་ད་ལྟའི་བར།
འདི་ལྟ་བུའི་རི་མོ་ཞིག་ཐང་ཆེན་པོ་འདི་ལ་བྲིས་ཏེ་འོངས་ཤིང་།
འདི་ལྟ་བུའི་རོལ་དབྱངས་ཤིག་ཐང་ཆེན་པོ་འདི་ནས་དཀྲོལ་ཏེ་འོངས།
ཡིན་ན་ཡང་། སྤྱི་ལོ་གསར་བ་ཚེས་ཤིང་མི་རབས་གསར་བ་འཁྲུངས་བ་ནས།
རྩྭ་ཐང་གི་རི་མོ་དེ་དག་རིམ་བཞིན་ཡལ་ཅིང་།
རྩྭ་ཐང་གི་རོལ་དབྱངས་དེ་དག་རིམ་བཞིན་ཆད་སོང་།
དེ་རིང་ནི་བོད་ལུགས་ཀྱི་ལོ་གསར་ཚེས་གཅིག་རེད།
ང་རང་ཕ་ཡུལ་དུ་ལོག་ན།
བསང་མེ་དམར་པོ་འོད་ཆེམ་ཆེམ་གྱིས་འབར་བ་མཐོང་སྲིད་དམ།
གཡས་འཁྱིལ་དུང་དཀར་སྙན་ལྷང་ལྷང་གིས་འབུད་པ་ཐོས་སྲིད་དམ།
ཆུང་ངུའི་ཆུང་ངུའི་དུས་ཀྱི། གནའ་བོའི་གནའ་བོའི་དུས་ཀྱི།
ལོ་ལོན་ཚོས་གདོང་བ་སྣུམ་ཤིག་གེར།
མ་བཅོས་པའི་བརྩེ་བ་རྣལ་མ་དེས་ང་ལ་གཅེས་ཕྲུག་ཅེས་འབོད་སྲིད་དམ།
ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།
ཕ་ཡུལ་གྱི་ན་ཟུག་མཐོང་མི་འདོད་པས་ཡིན་ལ།
ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།
ཕ་ཡུལ་ལ་བརྩེ་བ་ཆེ་དྲགས་པས་ཡིན།
རྩོམ་ཁུངས། ངེད་དྲ་བ།