འདི་ལྟར་འཚོ་དགོས་བྱུང་།
མཚན་མོ་འདིར།
རབ་རིབ་ཀྱི་གྲིབ་གཟུགས་འགའ་དང་།
འཁྱག་སིབ་སིབ་ཀྱི་བསེར་བུའི་འཁུན་སྒྲ་ལས།
ཡོད་ཚད་ང་ལ་དབང་མི་འདུག
ཁེར་རྐྱང་གི་བདེ་བར་བསྙེགས་ཀྱང་།
ཟང་ཟིང་གི་ཚོར་བས་གཙེས་པའི།
ངའི་རྣམ་ཤེས་ཕྲ་མོ།
ས་མཐའི་རི་དྭགས་བཞིན།
གང་ལ་རྔམ་ནས། གང་དུ་བཤར་རམ།
ལྷིང་འཇགས་ནི་གནས་སྐལ་དབེན་ཏེ།
སེམས་འདི་ཤེས་ཚོགས་ཀྱི་གཞིས་ཁྱིམ་ཡིན་པས།
ཁེར་རྐྱང་ཡིན་ཡང་།
ང་ཟང་ཟིང་གིས་འཚོ་དགོས་བྱུང་།
ཀྱེ། བདག་ལ་ལྷིང་འཇགས་ཀྱི་གནས་ཚང་ཞིག་གཡོར་དང་།
ཡོད་ཚད་དེ། བདག་གི་ཁེར་རྐྱང་གི་སེམས་འདི་ཁྱེད་ལ་གླན་འདོད།
༢༠༡༢་༤་༢༦ཞོགས་པར་ཟི་ལིང་ནས།
རྩོམ་ཁུངས། ངེད་དྲ་བ།