ཞབས་ཐག་ཅིག་གནང་དང་།
གྲོགས་པོ་ཚོ། ཞབས་ཐག་ཅིག་བསྐྱོན་དང་།
བགྲང་བྱ་བཅུ་དྲུག་སློབ་རྭ་ལ་ལྷུང་བའི་རྔུལ་ཆུ་དེ་དང་།
ཕ་མ་སྤུན་མཆེད་ཀྱི་གང་སར་ཟགས་པའི་ཁྲག་ཐིགས་དག་ལས།
ལྕགས་ཕོར་འདི་ནམ་ཡང་ང་ཚོར་བདག་ཟིན་པས།
དགའ་བའི་གཞས་ཞིག་ལེན་དང་།
སྐྱིད་པའི་བྲོ་ཞིག་འཁྲབ་དང་།
གང་ལྟར་བཏབ་པའི་རྒྱུ་ལ་དགོས་པའི་འབྲས་བུ་སྨིན་ཟིན་པས་
སེང་གེ་ལྟ་བུའི་བགྱིང་ཉམས་ཤིག་སྟོན་ཞོར།
ཕ་མ་སྤུན་མཆེད་ཀྱི་ཞལ་རས།
བཟའ་ཟླ་བུ་ཕྲུག་གི་བདེ་སྡུག་བརྗེད་ནས།
ཞབས་ཐག་གཙང་བཞེས་ཤིག་གནང་དང་།
གྲོགས་པོ་ཚོ། ཞབས་ཐག་ཅིག་བསྐྱོན་དང་།
ལས་ཁུངས་འདིས་ང་ཚོའི་མི་ཚེར་འོད་སྣང་སྦྱིན་ཞིང་།
དབུ་ཁྲིད་ཀྱིས་ང་ཚོའི་ལས་དབང་ལ་དྲོ་སྐྱིད་བརྩལ།
འཚོ་བ་འདི་སྲ་གཟུགས་སུ་གྲུབ་པས།
ཆང་རག་ཞིག་འཐུང་དང་།
དུ་བ་ཞིག་འཐེན་དང་།
གང་ལྟར་དོན་དམ་པའི་འཇོན་ཐང་ཁ་མཁས་ཚིག་སྙན་ལས་མི་རྒྱལ་བར།
ཡོད་ཚད་དང་ཡོད་ཚད་སྒེར་འབྲེལ་གྱིས་ཐག་གཅོད་པས།
དཔེ་ཆ་མེ་ལ་བསྲེགས།
རིག་གནས་ཕར་ལ་བསྐྱུར་ནས།
ཞབས་ཐག་མཆོད་པར་ཕེབས་ཤོག།
རྩོམ་ཁུངས། ངེད་དྲ་བ།