ཁམས་ཀྱི་གདུ་བུ།
ཉི་མ་ཧ་ཅང་དྲོ
ཕ་ཡུལ་གྱི་ནམ་ཟླ་དང་ཧ་ལམ་འདྲ་བོ་འདུག
ཁྱི་མོ་དམར་བོ་ཚང་ལ་ཆག་སྒོ་བྱུང་འདུག
དཔེ་ཆ་ལས་བརྩེ་བ་བཙལ་གྱིན་འདུག
བརྙན་འཕྲིན་ལས་དུངས་པ་མངོན་པར་བསྟན་སོང
ཨ་ཕས་ཁ་པར་ཐོན་སོང
ཁ་པར་ལས་སྙན་ངག་མ་འབྲི་ཟེར
ཨ་མས་ཁ་པར་གྱི་སྒོ་གཏན་འདུག
ཕལ་ཆེར་གློག་ཚར་སོང་བ་ཡིན་སྲིད
ལོ་ཐོ་དེར་ཐེངས་གསུམ་ཙམ་ལ་བལྟས་ཀྱང
ཟླ་བ་དྲུག་པའི་ཚེས་བདུན་དང་བརྒྱད
དགུ་བཅས་ལ་རྟགས་ཅི་ཡང་བཀོད་མི་འདུག
དྲུག་གཅིག་ཅེས་པའི་དུས་ཆེན་ཞིག་ལ་རྟགས་དམར་བོ་ཞིག་བརྒྱབ་འདུག
བརྙན་འཕྲིན་ན་དྲུག་གཅིག་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་འདུག
ཁོས་རྒྱ་སྐད་ཁྱ་ཁྱོག་ཅིག་བཤད་པ་དེ་ང་རྒྱལ་ཞིག་ལ་བརྩིས་འདུག
དཔེ་ཆ་ན་མྱི་བུ་ཞིག་མང་བོ་ཞིག་འཛུམ་ཞིང་ངུ་གིན་འདུག
ཟླ་བ་འདིར་འབྲོག་པ་མང་ཚོགས་ཆེས་མི་ཁོམ་པ་དེ་ཡིན་འདུག
ཁེ་ཉིན་ཐོག་འཕངས་ནས་འབུ་བརྐོ་འབྲོག་པ་ཞིག་བསད་སོང་སྐད
གནས་ཚུལ་དེ་སྲིད་གཞུང་གི་ཡིག་ཚགས་ན་མི་འདུག
ཁ་སང་འབུ་བརྐོ་ལ་འགྲོ་བའི་བུ་མོ་གཉིས་ཆུས་འཁུར་སོང་སྐད
ཁོ་མོ་གཉིས་ཀྱི་མིང་ཡིག་དེ་ཁྱིམ་ཐོ་ན་ཡོད་འདུག
ཁྱིམ་ཚང་དང་ཁྱིམ་མིའི་སེམས་ན་ངུ་སྐད་ལས་མེད་འདུག
དུ་བ་འཐེན་པ་ནི་རྩྭ་ཐང་མེ་ལ་སྒྲོན་སྤྱད་དེ་མི་འདུག
རང་ཉིད་མེ་ལ་སྒྲོན་པའི་སྒྱུ་མ་མཁན་ཞིག་གི་ལྟད་མོའི་གོ་རྟོགས་ཙམ་དེ་ཡིན་འདུག
ཆང་ནི་དཔའ་བོ་བྲིས་ཡོད་པའི་ཐང་ག་དེ་ལ་མཁོ་བའི
ཚོན་རྩིས་ཁ་དོག་མེད་པ་ཞིག་ཡིན་འདུག
ཆུང་དུས་སུ་བ་སོ་ཟེར་བའི་གདུ་བུ་ཞིག་མཐོང་མྱོང
ད་དུང་མཛེས་སྡུག་ཟེར་བའི་འཇོ་སྒེག་ཅིག་ཀྱང
གདུ་བུ་དེ་དང་མཉམ་པར་ཨ་ཅེ་དེའི་འཕོང་ཚོས་ཆེན་པོ་ལས་མངོན་སོང
གཞས་པ་ཞིག་གི་གཞས་ཤིག་བླངས་རྗེས
ང་ནི་གླུ་བ་ཡིན་ཞེས་རྩྭ་ཐང་དང་སྦྲ་ནག
རི་བོ་དང་ཆུ་འགྲམ་ན
མིག་ཤེལ་ནག་པོ་ཞིག་གྱོན་ནས་ལག་བརྐྱངས་དང་ལག་བརྐྱངས་བྱེད་ཀྱིན་འདུག
ཁམས་ཀྱི་གདུ་བུ་ནི་སྦྲགས་སྐད་ཀྱིས་ཁྲ་བརྒྱན་པ་ཞིག་ཡིན་འདུག
བུ་མོ་དེ་ལག་མགོ་ལ་གོན་པའི་ཕྲེང་བ་རྫིག་པོ་དེ་ཡིན་འདུག
བོད་སྐད་ལ་མཛའ་གྲོགས་མེད་འདུག
བུ་མོ་དེས་རྒྱབ་འགལ་བྱས་ནས་བྲོས་ཟིན
ཁོ་མོས་རྒྱུགས་ལ་ཞུགས་དུས་ང་བོད་ཡིན་ཞེས་རྒྱ་སྐད་ཀྱི་ལམ་ནས
ཐོབ་ཐང་ལག་འཁྱེར་མཐོན་པོར་བསྒྲེང་ནས་བསྟན་འདུག
བོད་ཡིག་ལ་གྲོགས་པོ་མེད་འདུག
གསར་བུ་དེས་ཆང་འཐུང་ཡ དུ་བ་འཐེན་ཡ་ཞེས
ཧ་ཅང་རྫིག་ཉམས་ཀྱིས་KTVཟེར་བ་ཞིག་ལ་འཛུལ་སོང
གདུ་བུ་ཞིག་དཔའ་བོ་གཡུལ་ནས་གཤེགས་རྗེས
ཁོང་གི་མི་རབས་དུ་མ་བརྒྱུད་པའི་རལ་གྲི་དང་འདྲ་བར
འགྲེམས་སྟོན་ཁང་ཞིག་ན་བཙའ་ཡིས་ཟིན་འདུག
མགར་བ་ཟེར་བ་བོད་ཀྱིས་རིགས་རུས་དམན་པ་ཞིག་ལ་བགྲང་ཡོད་འདུག
ཨ་ཕས་བྲིས་པའི་ཐང་ག་གང་ན་ཡང
གདུ་བུ་ཡོད་འདུག་མོད་མགར་བ་མེད་འདུག
ང་ལ་གདུ་བུ་ཞིག་དགོས་མཁོ་འདུག
ངས་ཀྱང་མགར་བ་ཞིག་གི་སྐྱེ་བ་ལེན་འདོད་ཡོད
གདུ་བུ་རྩ་ཆེན་ཞིག་བརྡུངས་རྗེས
ང་རང་ཆེས་དགའ་བའི་བུ་མོ་ཞིག་ལ་སྟེར་འདོད་པ་མིན
བོར་སོང་བའི་ལྷ་སའི་རྣ་ལུང་དང་ཁམས་ཀྱི་གདུ་བུ
ཨ་མདོའི་སྐེ་རྒྱན་ལྟར
མོ་ནད་ཕོག་པའི་བུ་མོ་ཞིག་ལ་བསྐོན་འདོད་ཡོད
ང་རང་མོ་ལ་ཧ་ཅང་དགའ་བོ་ཡོད
མོ་རང་གཞན་གང་ལ་ལུས་འབྲེལ་ཡོད་ཀྱང
ང་ལ་མཁོ་བ་ནི་དེ་དང་དེ་མིན
ཁོ་མོ་ངའི་ཨ་མ་དང་འདྲ་བར
ང་དང་བོད་ཟེར་བ་ཞིག་གི་དོན་དུ
སེམས་ཚེགས་དང་སྨོན་འདུན་ཞུ་རྒྱུ་དེ་ཡིན
ང་ཧ་ཅང་ཆད་གི
ཁྱོད་ཚོ་ང་ལས་ཀྱང་ཐང་ཆད་ཡོད་ཚོད་འདུག
ང་ཁྱོད་ལ་དགའ་མྱོང
ང་ད་དུང་མུ་མཐུད་དུ་དགའ་བརྩིས་ཡོད
ཁྱོད་ཀྱི་ཟུར་མིག་ཙམ་ལས་མེད་རུང
ང་དགའ་འོས
ལྷ་སའི་རྣ་ལུང
ཁམས་ཀྱི་གདུ་བུ
ཨ་མདོའི་སྐེ་རྒྱན
ང་ཚོས་བོར་བཞིན་པའི་རྒྱན་ཆ་ཆ་ཞིག
ང་ཚོས་སྦས་སྦས་པའི་སྒམ་དེ་ན་ཡོད་མེད་ལ་ཡང་བསྐྱར་ལྟ་རོགས་གནོང
ངའི་སྤུན་ཟླ
རྩོམ་ཁུངས། ངེད་དྲ་བ།