གློག་དམར་འོག་གི་འཁྲབ་ཚན།
ཁ་སང་དང་དེ་རིང་
ངོ་གདོང་མ་པོ་ཞིག་སྒེའུ་ཁུང་ནས་བལྟ་མ་ནུས་པར་
མིག་ཤེལ་ནག་པོ་འདྲ་བའི་སྒེའུ་ཁུང་མང་པོ་
ཕུག་རོན་གྱི་ཕུགས་པ་བཞིན་སྟོང་པ་རུ་གྱུར་
ད་དུང་ལྕགས་ཀྱི་མཆེ་བ་ཅན་གྱི་སྦྲང་མ་མང་པོ་འུར་བྱུང་
ཁ་སང་དང་དེ་རིང་
མར་ཁུ་སྲེག་པའི་དུ་བ་ལྷོབ་ལྷོབ་ཀྱི་འོག་ན་
རེ་བ་དང་སྨྲེ་མངགས་མང་པོས་ཕྲག་པ་ནས་མནན་དུས་
གཡོ་འགུལ་མེད་པའི་གསེར་སྐུ་དང་དངུལ་སྐུ་མང་པོ་
ཡོལ་བ་ནག་པོ་ཞིག་གི་འོག་ཏུ་མགོ་བོ་རུབ་ནས་འཚོགས་
ཁ་སང་དང་དེ་རིང་
སང་ལམ་དོག་པོ་རེ་རེའི་གྲུ་ཟུར་ན་
རླུང་གཡབ་འདྲ་བའི་གླང་པོ་ཆེའི་རྣ་བ་ཆེན་པོ་དེ་ཚོ་
རྐུབ་སྟེགས་སྟེང་གི་འདོགས་ཁྱི་མང་པོ་དང་འདྲ་བར་
རིན་འབབ་མེད་པའི་ཁྲོམ་བཀྱག་གི་སྟེང་ན་འཚོང་གིན་འདུག
ཁ་སང་དང་དེ་རིང་
གཡང་ལུག་གི་རྐང་པར་བཏགས་པའི་རས་ལྷམ་མང་པོ་
བྱ་དེ་བཞིན་དུ་ར་བའི་ནང་འཕུར་མཆོང་བྱེད་
རྨི་ལམ་འདྲ་བའི་ཁང་ཆུང་དེའི་སྦུག་ན་
ད་དུང་རང་གི་ཕ་གཞིས་ཡོད་སེམས་ཀྱིས་ལྷོད་དུ་བབས་
ཁ་སང་དང་དེ་རིང་
ཉི་མ་དང་ཉེ་བའི་རི་བོ་མང་པོ་
ཉི་འོད་ཀྱིས་བསྲེགས་ཀྱང་ད་དུང་གྲང་འདར་ཤོར་
གངས་རི་རྒས་པོ་ཞིག་གིས་ངུས་ངུས་པའི་མིག་ཆུའི་གཙང་པོ་དེར་
གོས་དཀར་ཅན་གྱི་སྨན་པ་རྫུན་མས་ཉ་ཆེན་བཟུང་བར་བསླེབས་
སང་ཉིན་དང་གནངས་ཉིན་
རྡོག་པ་མེད་པའི་རྐང་པ་དམར་རྗེན་མ་མང་པོ་
སྣུམ་ནག་གྱི་གཞུང་ལམ་བདེ་མོ་དེའི་རྒྱབ་ལོགས་ནས་
འབར་འབུར་གྱི་རྐང་ལམ་ཉམ་ཆུང་ཞིག་གི་སྟེང་དུ་
ཕ་མེས་ཀྱི་སློག་ཧྲུལ་དང་རྩམ་ཁུག་འཁྱེར་ཏེ་རྒྱུགས་ན་སྙམ་
༢༠༡༣ ་ ༥ ་ ༡༩ ཉིན་ཤར་བྲིས་བྱས།
རྩོམ་ཁུངས། ངེད་དྲ་བ།