ངའི་ཕ་ཡུལ་སྒུལ་གྱིན་འདུག༼ཞར་བཀོད་གཉིས་ཡོད༽
ངའི་རི་ལུང་སྒུལ་གྱིན་འདུག
རྔོན་པའི་མེ་མདའ་ཟད་པོའི་སྐད་སྒྲར་འཇིགས་ཏེ
འབྲོང་ཁྱུ་འཐོར་ཤུལ་དང་ཡུ་མོ་གཤར་ཤུལ་ན
གླག་མོ་ཁེར་འཕུར་གྱི་གྲིབ་མ་ཡོམ་ཡོམ་འགུལ་ཞིང
དུར་ཁྲོད་ཀྱི་བསང་དུད་དང་དར་ལྕེ་འདྲུད་པའི་རླུང་བུ་དག
རྫི་བོ་ཞིག་གི་རྨི་ལམ་དུ་འཁོར་བའི་གདོན་འདྲེ་ཅི་བཞིན
ངའི་རི་ལུང་གི་ལྗོན་པ་དང་རྩྭ་ལྡུམ་སིག་སིག་སྒུལ་གྱིན་འདུག
རྨོ་མོའི་ངག་ལས།
རྨོ་མོའི་ངག་ལས་ངས་མེས་པོ་སྔ་མ་དག་གི མཁའ་དབྱིངས་དེ་མཐོང་ཐུབ་ལ
དེ་ན་རྒྱུ་བའི་བྱེའུ་ཚོགས་དག་གི སྒྲོ་སྤུའི་སྟེང་སྦས་བའི་རྒྱལ་ཕམ་གྱི་རི་མོ་རེ་རེ་མཐོང་ཐུབ
ངས་རང་གི་མིག་ཟུང་ཟུམ་ནས་ཡངས་པོའི་སྣང་ངོར་ལག་པས་བསྙབ་ཏེ ངའི་རུས་རྐང་གི་ཁ་དོག་འཚེར་བའི
མེས་པོ་དག་གི་མིག་ཀོང་དུ གཟིམ་མེད་ཀྱི་མར་མེ་སེར་པོ་མཆོད་ན་འདོད་ཡོད
གལ་ཏེ་ང་ལ་རང་དབང་ཡོད་ན།
གལ་ཏེ་ང་ལ་རང་དབང་ཡོད་ན ངས་རྨི་ལམ་ཞིག་གཏན་དུ་རྨི་འདོད་ལ
རྔ་མོ་དག་གིས་རྨིག་འོག་དུ་བརྫི་སྲིད་པའི་བྱེ་སྒང་གི་མེ་ཏོག་གློ་ཁྲ་དེ་ཡིན
གལ་ཏེ་ང་ལ་རང་དབང་ཡོད་ན ལྷ་སའི་བར་སྐོར་གླིང་གི་ཨ་མ་ལགས་དེ་རྨི་འདོད་ལ
པང་ཁེབས་ཁྲ་ཁྲའི་སྟེང་གི་གཙག་དྲུབས་རི་མོ་རེ་རེ་བཞིན་རྨི་འདོད་ཡོད་་་
༢༠༡༢ ༦ ༨
རྩོམ་ཁུངས། ངེད་དྲ་བ།