ཉིན་ཐོ་ཡང་མེད་པའི་ཉིན་མོ།
ཞོགས་པའི་ཉི་གཞོན་མལ་ཆས་ནང་ནས་བསུས་པས།
ཉི་མ་ཤར་ནས་ཤར་བ་སེམས་པས་མ་གཏོགས་མ་མཐོང་།
མ་གཞི་ནས་ལངས་རྒྱུ་ཕྱིས་པས་གྲུང་ཤ་མི་འདུག
གྲུང་ཤ་མེད་པས་དེ་རིང་ལ་འཆར་གཞི་མེད།
སང་ཉིན་ལ་རེ་བ་དང་འབྲས་བུ་ནི་དེ་བས་ཀྱང་།
ཁ་ངོ་བཀྲུས་ནས་ཉིན་དགུང་གི་ཞོགས་ཟས་བཟས་རྗེས།
དྲ་བའི་ལམ་ནས་འཛམ་གླིང་ལ་ལྟས་མོར་ཆས།
རིམ་བཞིན་མཚོ་སྔོན་པོའི་ཟིན་བྲིས་དྲ་བའི་དྲན་སྐུལ་འོག
རང་ལ་རྩོམ་རིག་ཟེར་བའི་ནོར་བུ་རྩ་ཆེན་ཞིག་ཡོད་པ་དྲན།
དྲན་བཞིན་དྲན་ཡང་ཀླད་པ་འདི་བཟི་འཐོམ་མེར་གནས་པས།
གང་ཡང་མ་དྲན་ལ་ཅི་ཞིག་ཀྱང་འབྲི་མ་ཐུབ།
ད་ནི་ཉིན་བྱེད་དབང་པོ་ནུབ་རིའི་མཚམས་ལ་ཕེབས་སྒྲུབ་པས།
ཉིན་ཐོ་ཞིག་གིས་དེ་རིང་ལ་རྫོགས་ཤད་འཐེན་པར་བརྩམས་ཚེ།
ཀླད་པ་འདི་སྔར་བཞིན་བཟི་འཐོམ་མེར་གནས་པས།
གང་ཡང་དྲན་ལོང་མེད་ལ་ཅི་ཡང་བསམ་ཁོམ་མེད་པར།
དེ་རིང་མལ་ལས་ལངས་ནས་ཁ་བཀྲུ་ལག་བཤལ་བྱས་རྗེས།
ཐུན་གསུམ་ཟས་ལ་སྤྱད་ནས་མལ་ལ་ལོག་པ་ཡིན་ཞེས་བྲིས་ཏེ།
ཟླ་དུས་ཚེས་གྲངས་ཀྱང་མེད་པར་ཤི་བ་བཞིན་ཉལ་བ་ཡིན།
༢༠༡༣ལོའི་ཟླ་༩པའི་ཚེས་༤མཚན་མོར་བྲིས།
རྩོམ་ཁུངས། ངེད་དྲ་བ།