རྐང་རྗེན་པ།
ཁྱི་རྒན་ཚོ་སྐར་མདར་ཟུག་སྐབས།
རྐང་རྗེན་པས། རླུང་འཚུབ་ཀྱི་ཐལ་རྡུལ་གདོང་པར་ལེན་གྱིན།
རི་ཚོམས་མཐོན་པོ་དེའི་ཕ་རོལ་ན།
རྨིས་མ་མྱོང་བའི་རྨི་ལམ་ཞིག་གོམས་པར་ཆས།
རྐང་རྗེན་པས། ཁོ་པ་ད་དུང་མཚོ་ངོགས་ན་ཡོད་ཟེར།
མཚན་གུང་ན་ཟླ་བའི་འཕེལ་གྲིབ་ཀྱིས།
མཁའ་ཡི་མཐོངས་དང་། ས་ཡི་སྙིང་ན།
མེ་རི་བཞིན་མཚོ་རླབས་འདི་འཕྱུར་དུས།
གྲུ་པ་འདི་ཚོ་ཆེས་ཐག་རིང་ཞིག་ལ་ཡོད་པ་འདྲ།
ངོ་རྟགས་མ་ཆོད་པའི་འགྲུལ་པ་ཚོའི་དབུས་ན།
གྲུང་རིལ་རིལ་གྱིས།
རྐང་རྗེན་པས་ཀྱང་། འཛུམ་མོ་རེ་རེ་བཞིན་བགྲང་གིན།
རང་གི་ཁུར་ཙ་ཆུང་ཆུང་དེར་ལྟ་གིན་ཡོད།
མཚོ་འགྲམ་གྱི་གྲུ་ཤན་སྟོང་པ་འགའ་ལས།
གློ་བུར་གློ་བུར་བའི་མཚོ་རླངས་འདིས་ཀྱང་།
ཆེས་རབ་རིབ་ཅིག་ལས་མཚོ་མཐའི་མི་ཚོགས་ཀྱང་མཐོང་དཀའ་བར་གྱུར།
༢༠༡༣། ༨། ༢༤།
རྩོམ་ཁུངས། ངེད་དྲ་བ།