བར་ཐག
མིག་ཟུང་མཆི་མས་སྦངས་ནས་རྒྱང་རིང་ལ་ཅེར་དུས
མདུན་ལྗོངས་སྔར་བཞིན་ཁུ་སིམ་མེར
སེམས་པ་ནང་ལ་བཀུག་ཏེ་ཕྱིར་མིག་ཅིག་འཕེན་ཚེ
རྐང་ལམ་སྔ་མོ་ནས་ཚེར་ཤིང་གིས་སྒྲིབ
གས་ཆག་ཏུ་ཤོར་བའི་མེ་ལོང་ངོས་སུ
གསལ་ལ་མི་གསལ་བའི་ངོ་གདོང་རེ་རེ
ཆ་མེད་ནས་རྒྱུས་མེད་དུ་གྱུར་དུས
གླིང་ཕྲན་དེ་ནས་ངས་ཅི་ཙམ་བཙལ་ན་ཡང
སྙིགས་རྫས་ལས་བསྐྲུན་པའི་ཁང་མིག་དེ་ལས
མཐའ་མར་ཅི་ཡང་མ་རྙེད
ནས་འབྲུ་རྐང་གཅིག་གི་ལྗང་སྨྱུག་ལ་རེ་བའི་སྤྲང་ཚོགས
ཟླ་བ་གྲགས་པའི་གཏམ་རྒྱུད་ལ་ཉན་བཞིན
ཐག་སྣེ་གཞན་ལག་ཏུ་སྤྲད་དེ
ཞགས་པ་རང་སྐེ་ལ་བསྐོན
རྣམ་ཤེས་གསར་བ་འགའ་ཞིག
རྒྱང་རིང་ནས་ཁུར་བའི་མཁའ་དབུགས་ཀྱིས་གསོན་ནའང
འོད་ལ་དགའ་བའི་འབུ་སྲིན་གྱི་སྐྱོ་གར་འཁྲབ་བཞིན་དུར་ས་མཁའ་ལ་འདེབས
ལྭ་བ་དམར་པོའི་ཐུ་འོག་ནས་སྙིང་རྗེས་ས་བོན་ཅི་ཙམ་གཏོར་ནའང
དགུན་དུས་སུ་ས་བོན་མི་སྐྱེ་པ་ཅི་ལ་མ་རྟོགས
དུས་རབས་ཀྱི་དགོས་མཁོ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ཡིན་ཡང་ཆོག་མོད
གཏན་ཚིགས་ཀྱིས་བརྩེངས་བའི་ཆོ་ལོ
རི་རབ་ཀྱི་གཏོས་དང་མཉམ་སོང་
ཉི་ཟླ་དཔང་དུ་བྱས་པའི་ཉིན་དེ་ནས
ཌ་རི་དང་དྲིལ་བུའི་སྒྲ་ཆད་མ་མྱོང་ལ
སྲིད་པའི་རྩེ་མོ་དང་དམྱལ་བའི་ཁམས་ལ་སོང་ནས
ལམ་བྲོ་འཚོལ་བའི་རྒྱུན་ཡང་ཆད་ཆད་མ་མྱོང་མོད
མི་ཡུལ་འདིར་སྔལ་ལས་ཀྱང་དབུལ་ཞིང་ཕོངས
དར་ལྕོག་རལ་པོ་དེའི་གམ་ནས
སྨོན་ལམ་དང་སྐྱབས་འཇུག་རུམ་གང་ཁྱེར་ནས
བྱིས་པ་པྲ་ཆལ་ཚོར་གསལ་བཤད་ཅི་ཙམ་རྒྱབ་ཅིང
ཡུག་རྒན་མའི་སྡུག་གི་མགོ་བོ་གནམ་ལ་དགྱེ་མ་མྱོང་
2013.7.6 ཟི་ལིང་ནས།
རྩོམ་ཁུངས། ངེད་དྲ་བ།