དོ་ནུབ། ཆབ་ཆ་རུ་གཉིད་ཁྱོན་ནས་མ་ཁུག
དོ་ནུབ་ཟླ་བ་མི་མངོན་ཡང་།
མཚན་སྨག་ལ་ལག་སྙོབ་བྱེད་མི་དགོས།
ཆེད་དུ་ངའི་བགྲོད་ལམ་ལ་བཀར་བའི་ལམ་སྒྲོན་གསལ།
ལམ་འགྲམ་དུ་ངས་བསམ་གཟས་ནས་མིན་པར།
ཐབས་མེད་པའི་སྒོ་ནས་གཅིན་པ་ཞིག་བཏང་།
གཅིན་པ་བཏང་ཚར་རྗེས་ལུས་ཡོངས་བདེ་སྣང་གིས་ཁྱབ།
ཡིན་ནའང་སོ་ལྟའི་མིག་གིས་ཏག་ཏག་ང་ལ་བལྟས་འདུག
གང་ལ་སོང་ན་དེ་ལ་ཅེར་འདུག
ངས་ནག་ཉེས་བཟོས་པ་ཡིན་ནམ།
གཅིན་པ་ནི་ཆུ་ལ་འབྲེལ་བ་ཡོད་པ་ལས་ཆབ་ཆ་ལ་འབྲེལ་ཡོད་དམ།
གང་ལྟར་སེམས་པ་སློང་སློང་བོར་བྱས།
ཆབ་ཆ་ནི་ལམ་འགྲོ་བས་གང་འདོད་དུ་སྤྱད་མྱོང་བའི་འཕྱོན་མ་ཞིག་དང་འདྲ་བར།
ལག་ཟུང་ལྕུག་ལྕུག་ངང་ཡོད་ཚད་བསུ་བར་གོམས་ཤིང་།
ལང་ཚོ་དམར་རྗེན་ལ་མཐའ་དག་འབུལ་བར་མོས།
ད་ནི་ནད་ཀྱིས་ཟིན་པའི་བགྲེས་མོ་ཞིག་སྟེ།
ཆད་ཉག་མང་པོའི་ཆུ་རྒྱུན་རུལ་ཅིང་།
བྱེ་ཟགས་སྤུངས་པའི་རྩྭ་ཐང་རྒས་འདུག
དོ་ནུབ་ང་ཁྱོད་ཀྱི་རུམ་ཁུང་ནས་གཉིད་ཁྱོན་ནས་མ་ཁུག
དེ་ནི་ང་ཁྱོད་ཀྱི་རིམ་ནད་ལ་འཇིགས་པས་མ་ཡིན་དེ།
ང་ཁྱོད་ཀྱི་གཏོང་ཕོད་ལ་ན་བས་ཡིན།
མགྲོན་བདག་མས་ང་ལ་སྡང་མིག་གིས་ཡིད་ཚིམས་པ་ཞིག་བལྟས་རྗེས།
ཐོབ་ཐང་ལག་འཁྱེར་མེད་ན་ཁྱོད་ལ་འདུག་དབང་མེད་ཅེས་བཤད།
ངས་མྱུར་ཏུ་ཡིག་ཆའི་འཛིན་ཁུག་དང་དམངས་ཆེན་འཐུས་མིའི་ཐོང་རྟགས་དེ་བསྟན།
རྨི་ལམ་དང་ཕྲད་མ་ཉིད་དུ་ཡང་བསྐྱར་ཐོབ་ཐང་ལག་འཁྱེར་ཁྱེར་ཤོག་ཅེས་སྒྲོག
ཨ་ཙི་ཆབ་ཆའི་མགྲོན་ཁང་འདི་དག་ལ་སྒོ་ཟྭ་མེད་དམ།
ངའི་མཐའ་འཁོར་དུ་མི་མང་པོས་རུབ་འདུག
ངའི་ལུས་ཡོངས་བསྔོག་གཤེར་ཐེངས་ཤིག་བྱས་རྗེས།
མིང་དང་ཕ་ཡུལ། ཡོང་དོན་དང་འགྲོ་འདུག
སང་ཉིན་བསྡད་ཆོག་མིན་དང་ཕྱིར་འགྲོ་མིན།
རེ་རེ་བཞིན་བྲིས་གནང་བ་དེས།
ད་གཟོད་རང་ཉིད་གཅེར་བུར་ཕུད་པའི་འཕྱོན་ཞིག་དང་འདྲ་བོ་འདུག
ང་ལ་དེ་རིང་གི་གསང་བ་དང་སང་ཉིན་གྱི་གསང་བ་མེད།
ང་ལ་ལུས་ཀྱི་གསང་བ་དང་འདོམ་གྱི་གསང་བ་མེད།
ང་ལ་རང་གི་འཚོ་བ་དང་དེའི་བར་སྟོང་དག་ཀྱང་མེད།
ང་ལ་གཉིད་སྐྱིད་པོར་རོལ་ཆོག་པའི་གནང་བ་མེད།
དོ་ནུབ། ཆབ་ཆའི་མགྲོན་ཁང་ནས་གཉིད་ཁྱོན་ནས་མ་ཁུག
མདུན་གྱི་མུན་པ་དང་མིག་བཙུམ་རྗེས་ཀྱི་མུན་པ་གཉིས་བསྲེས་ནས།
དྲན་པ་དང་ཚེ་སྲོག་རབ་རུབ་དུ་གྱུར།
རུབ་པ། གསལ་བ། འཐིབ་པ། དྭངས་པ།
ང་ལ་དྲན་ཤེས་ཡང་དག་ཞིག་མི་འདུག
ཁང་བའི་བར་འཁྱམ་ནས་ཞབས་ཞུ་མ་ཤུགས་ཀྱིས་བོས་ནས།
ཤག་ཆུང་སྒོ་ལ་རྡོག་པས་ལན་མང་གཞུས་པ་དེས།
ང་ཡང་བསྐྱར་རབ་རུབ་ལས་གསལ་བོར་གྱུར།
སིལ་སིལ་འཐོར་བའི་གཟུགས་འདས་ཀྱི་དབྱིབས་དང་དབྱངས།
ཚ་བ་དང་གྲང་བས་དཀྲོལ་བའི་ང་རོ་ཞིག་སྟེ།
ཕུག་རོན་གྱི་སྐད་དང་བསྡོངས་ནས་སླར་ཡང་ཇེ་སྤྱང་གི་ངུ་ཟུག་དང་འདྲེས།
ཚེ་སྲོག་ལ་ངར་ལྕགས་ལྡུད་ཀྱིན་འདུག
དོ་ནུབ། ཆབ་ཆ་ནས་གཉིད་ཁྱོན་ནས་མ་ཁུག
༢༠༡༣ ༢ ༡༤ མཚན།
རྩོམ་ཁུངས། ངེད་དྲ་བ།