ན་རོའི་སྙན་ངག་གསར་བ། ང་ནི་དོང་ཞབས་མེད་ཅིག་གོ།
ང་ནི་དོང་ཞབས་མེད་ཅིག་གོ
དོང་ཁ་ན་ཏན་ཏན་སངས་རྒྱས་བཞུགས་སུ་གསོལ་ཡོད་པས།
ངས་བརྗོད་འདོད་ཀྱི་རླུང་ལ་ཐ་སྙད་ཁ་ཤས་བཅུག་སྟེ།
ཡར་ཡར་འཕྲིན་དུ་སྤྲིང་བ་ལ་འབད་ཀྱིན་མཆིས་སོ།
ང་ནི་དོང་ཞབས་མེད་ཅིག་གོ
བཟའ་བཏུང་དང་མིག་ཤེལ།
ཆ་སྒམ་དང་ཚིག་མཛོད་བཅས་པ་རྐང་སྟེགས་བྱས་ཏེ།
ས་བོན་དཀར་པོ་ཞིག་མཐོངས་སུ་བཏེགས་ནའང་།
ཤིན་ཏུ་ཉུང་ཉུང་ལས་མེད་པས་སྐྱོའོ།
ང་ནི་དོང་ཞབས་མེད་ཅིག་གོ
ངས་ང་རང་དོང་ཞབས་མེད་ཅིག་ཡིན་པ་མ་ཤེས་པའི་དུས་ཚོད་དག་བཞུས་ཏེ།
ལྕགས་ཀྱི་སྐས་རྐང་ཞིག་བཟོ་བཞིན་ཡོད་ནའང་།
མགར་ཁ་ཤིན་ཏུ་འཁྱག་པས་བར་ཆད་མང་ངོ་།
ང་ནི་དོང་ཞབས་མེད་ཅིག་གོ
མ་རིག་པ་དང་མི་རྟག་པ་གཉིས་ཁྱིམ་མཚེས་ཡིན་པའི།
རྙོག་འགལ་ཚོམ་འཁྲུག་ཅན་གྱི།
དོང་ཞབས་མེད་དེའོ།
ང་ནི་དོང་ཞབས་མེད་ཅིག་གོ
མཚམས་མཚམས་སུ།
སྒྱུ་འཕྲུལ་གྱི་ཐག་པས་ང་རང་དོང་ཁར་བླངས་ནའང་།
ངས་སྨུག་པའི་གསེང་ནས།
དོང་ཞབས་དང་དོང་ཁ་གཉིས་ལ་ཁྱད་པར་ཅི་ཡོད་པའང་མ་ཤེས་སོ།
ང་ནི་དོང་ཞབས་མེད་ཅིག་གོ
དོང་ཞབས་མེད་ཀྱི་ནང་དུ།
རོ་དངོས་གྲུབ་ཅན་ཡང་ང་ཡིན་ལ།
བདེ་སྤྱོད་བཟང་བོ་ཡང་ང་ཡིན་ནོ།
ང་ནི་དོང་ཞབས་མེད་ཅིག་གོ
དོང་ཞབས་མེད་འདིའི་ཁ་འཆི་བས་ཀྱང་དགང་བར་མི་ནུས་ན།
ངས་སངས་རྒྱས་ཀྱི་ཞལ་འོད་ལན་གཅིག་མཐོང་བའི་ཆེད་དུ།
དོང་ཞབས་མེད་འདི་ལ་བརྩེ་གདུང་བྱ་འོས་སོ།།
2014ལོའི་ཟླ6པར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།