མི་རྣམས་ལ་སྤྲད་པའི་འཇིག་རྟེན་གྱི་ངོ་བོ།
ད་ད་བདག་གིས རལ་གྲི་ཚོད་མེད་དུ་གཡུགས་ཏེ
རླུང་གི་རྒྱུ་བ་འགོག་འདོད མི་རྣམས་བཀྲེས་སྐོམ་གྱི་སྡུག་ཡུས་སྦྱར་ཏེ
སྙིང་ཡང་ཐམས་ཅད་ཕྱི་རུ་ཕྱུངས་འདོད
རི་བོ་འདིའི་སྐེ་རྩ་ནས་བཟུང་སྟེ
ཡར་འདྲུད་མར་འདྲུད་ཐེངས་བཅོ་བརྒྱད་བྱས་རྗེས
མགོ་ལ་འཆི་རྒྱུ་དམར་བོ་ཡོང་དུ་འཇུག
སྤྲིན་པ་འདི་དུམ་བུ་དུམ་བུར་བྱས་ཏེ
སྲང་གི་མི་རྣམས་ཀྱི་ཁ་ནང་དུ་བརྫངས་ཏེ
སྐྱག་པ་ཤོར་དུ་འཇུག
དགོད་པ་དང་ངུ་བ་ལ་ངོ་བོ་དབྱེར་མེད་དུ་འཇུག
2014/09/05བླ་བྲང་དུ།
ཁུ་བ་སེར་བོ།
ཁུ་བར་སྦངས་པའི་ཤོག་བུ་ཞིག་གིས་ནམ་མཁའ་བཟོས་རྗེས
མི་རྣམས་དེ་རུ་ཞབས་བྲོ་ལྡིང་བར་བྲེལ
རྒྱ་མཚོ་ཟེར་བ་ཞིག་འགྲམ་དུ་ཡོད་པ་མཐོང་རྗེས
ཆུང་མའི་མིང་གིས་འབོད་པར་ཡང་སྐྲག་སྣང་ཤོར
འདི་ག་ཁོའི་ཉིན་ཐོ་རུའང་མཐོང་ཐབས་བྲལ་བའི་གསང་བ་ཞིག་ཡིན
ཤ་སྐྱིའི་དབར་གྱི་འབུ་ཕྲ་དག་ནི་ཡི་གེའི་གཟུགས་སུ་མངོན་ཏེ
སྙན་ངག་ཅིག་གི་ཁ་བྱང་ལ་མགོ་བོ་འཐོམ་འདུག
སྐབས་དེར ས་སྲོད་ཅེས་པ་ང་ཚོ་དང་འབྲེལ་བ་མེད་པ་ཞིག་ཏུ་ཆགས་འགྲོ་ལ
མི་རྣམས གཅིན་པའི་རྣམ་ཤེས་ཤིག་ཏུ་ཆགས་པར་སྨོན་ལམ་དྲག་ཏུ་འདེབས་ཀྱིན་འདུག
ཏག་ཏག་བྲིས་ནས་སྐབས་འདིར་ཐོན་སྐབས།ལག་པས་རྡེབ་ཉེས་ཤིག་གིས་ཡིག་འཁྱོག་འགའ་བྲིས་པས་དེ་དག་བསུབས་པ་དང་མཉམ་དུ་ཚོར་བ་ཡོངས་སུ་མཉམ་སོང་།དགོངས་དག
2014ལོའི་ཟླ9ཚེས3ཉིན་དུ།
སྙན་ངག་ཏུ་འབྲི་ཐབས་མེད་པའི་མི།
ཤོག་སྐྱ་དཀར་བོ་ཞིག་གི་ངོས་སུ
མིང་ཡིག་གྲངས་མེད་པ་ཞིག་བྲིས་ཏེ
ས་འོག་ཏུ་སྦས
གྲིབ་མ་ལ ཁ་ཆེམས་ཡིད་ཚིམ་པ་ཞིག་བཞག་སྟེ
བྱེ་ཐང་གི་སྣེ་གཉིས་སུ་འགྲེང
ད་དུང ཉི་མ་མི་ཤར་བ་གང་རེད
ཅེར་བ།
འཚོ་བ་ནི རས་ཆད་སྔོན་པོ་ཞིག་གད་སྙིགས་སུ་འཕངས་པ་ཇི་བཞིན
ཧེ་རྒན་མ་ལོ་ལོན་ཞིག་གི་ཨོང་ཕྱིས་སུ་གྱུར
རས་ངོས་སུ་བཀྲ་བའི་རི་མོ་དག་ནི
རང་ཤི་བརྒྱབ་པའི་ཕྱེ་ལེབ་དག་གི་ཁྱོ་ག་རྣམས་དང་འདྲ་བར
ཁུ་སིམ་མེར་རང་རང་ས་ན་མདོ་གདུགས་སྒྲོལ་གསུམ་བཏོན
སྐར་མ་བཅོ་ལྔར་མིག་ཟུང་བཙུམ་མཐར
ཡང་བསྐྱར་མིག་ཁ་ཕྱེས་ཚེ
ལམ་གྱི་གཡས་གཡོན་ནི རལ་གྲི་སོ་གཉིས་མ་ཞིག་དང་འདྲ་བར
མི་རྣམས་ཀྱི་སྐེ་རྩ་འཐག་སྟེ
མི་ཞེས་པའི་སྲོག་ཆགས་གཞན་ཞིག་བཟོ་གི་ཡོད་སྐད
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།