དགོང་མོ་དེར།
དགོང་མོ་དེར
ཕྱི་རོལ་གྱི་རླུང་བུ་སྔ་ནས་འཇགས་ན་ཡང
གར་འགྲོ་འདུར་རྒྱུག་ལ་རྒོད་པའི
ཞིང་གྲོང་གི་སྒོ་ཁྱི་ལྡོམ་པོ་དེ་དག་གི་ཟུག་སྐད་སྔ་ལྟར་ཆེའོ
དགོང་མོ་དེར
ལོ་དུ་མ་ལ་སེམས་སུ་སྦས་བའི་ཚིག་དང་ཐ་སྙད
མུན་པའི་ཡལ་གར་ཟིལ་བ་ལྟར་ཆགས་ཏེ
ལོ་མའི་མཁུར་མགོར་ལྕི་བས་དཔྱངས
དགོང་མོ་དེར
ཁྱོད་ཀྱིས་ང་རང་ལྷིང་ཞིང་འཇགས་པར་བྱས་ཏེ
རྨི་ལམ་ཞིག་བསྩལ་བྱུང
དེ་དུས་སུ ང་ནི་ཁ་དོག་ཅིག
ཡང་ན ཚིག་དང་ཐ་སྙད་ཅིག
དགོང་མོ་དེར
ངས་ཁྱོད་ཀྱི་སྐྲ་ལོར་བྱིལ་བྱིལ་བཏང་སྟེ
ཁྱོད་ཀྱི་དཔྲལ་བའི་སྨིན་མའི་བར་དུ་མིག་ཆུ་ཞིག་ལྷུང་སོང
དེ་ནི་ཁྱོད་དེའོ ཡང་ན་ང་དེའོ
དགོང་མོ་དེར
ཁྱོད་རང་ངའི་བྲང་ཁར་མགོ་བོ་བསྙེས་ཏེ་གཉིད་སོང
དུས་ཚོད་ནི་སྐད་ཅིག་མའི་མིག་རྡེབ་དབང་ཙམ་རེད
དགོང་མོ་དེར
ཁྱོད་ཀྱི་སྔུར་བ་དེའང
ང་ལ་གཉིད་སྣང་གི་དབྱངས་རྟ་ཟ་ཟི་ཞིག
དགོང་མོ་དེར
ངས ང་རང་གི་བྲང་ཁར་ཁྱོད་ཀྱི་མགོ་བོ་བཅུག་སྟེ
ཀྱེ དཀོན་ཅོག་ལགས
དོ་ནུབ་ཀྱི་ལྷིང་འཇགས་འདི་ང་ལ་བསྐྱུར་རོགས
་་་་་་ ་་་་་་ ་་་་་་ ་་་་་་་་
༢༠༡༥-༠༥-༡༩ཉིན་གྱི་དགོང་མོ་དེར་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།