ས་དེ་དང་རོགས་འདི་བདེ་མོ་བྱོས།
མཚན་མོ་ཁ་ཤས་ཀྱི་གློག་འོད་ལ་གཟས་པའི་ཟླ་འོད་དམར་བོ
རང་གི་སྨྲ་ལྕེར་བཏགས་པའི་རི་ལུང་གི་བརྡ་རྟགས་བཅད་པའི་དུས་ཚིགས་ཤིག
ཨ་རག་ཕོར་གང་གི་ཚབ་ཏུ་བཏུང་ཚར་རྗེས
གཙང་བོ་ལྟར་ངུ་བཞིན་པའི་མི་ལོ་ལྔ་བཅུའི་ཕྱེད་ཀ་ངང་གིས་རྒས་འགྲོ
ཞེ་འགྱོད་དང་མིག་ཆུའི་ཀློང་གི་སྙིང་གཏམ་མཐའ་དག
རང་གི་ལང་ཚོའི་སླད་དུ་མཇུག་བསྡུས་ཏེ་སྐར་མདའི་ཐུལ་འོག་ཏུ་འཐིམ་ཡང
ལོ་ཟླ་གྲངས་མེད་ཀྱི་ཀྱག་ཀྱོག་ལ་བརྒྱུས་པའི་སེམས་པ་ཆ་གཅིག
ཟག་བཅས་ཀྱི་ཕུང་བོ་འདི་མ་ནུབ་པའི་བར་དུ་འགྱུར་མི་སྲིད་ཨང
དགུ་ཆུའི་དར་ཁ་འགྲིབ་པའི་ཉིན་ཞག་ལ་བསྒུག་ངེས
ཆར་བའི་ནང་གི་ཆར་ལྭ་ལྟ་བུའི་བུ་མོ་རིག་འཛིན་དབང་མོ
འཇིག་རྟེན་འདི་གཟེབ་དྲ་ལྟ་བུ་ཞིག་ཡིན་ཚེ
འུ་གཉིས་དེའི་ནང་གི་ཚེ་བཙོན་ཐེབས་པའི་བྱིའུ་ལུས་ངན་གཉིས་རེད
ཕན་ཚུན་གྱིས་མི་མཐོང་བའི་མིག་ཆུ་ཇི་ལྟར་བཞུར་ཡང
སྡེ་ཆེན་པོའི་ནང་མཁར་ནས་རོགས་འུ་ཚོར་རེ་བ་མེད་གི་ཨང
རྩེ་ཁོག་གི་དགུན་གཞུང་ལྟ་བུའི་གློ་མཆིན་པའི་གས་སྲུབས་སུ
རྒུན་ཆང་ཞིག་གཙང་བཞེས་གནོང་དང ངས་ཁྱོད་ལ་བདེ་མོ་འཇོག་ངེས
སྐད་ཆ་བཤད་འཕྲོར་ཤོར་སོང་བའི་བུ་མོ་རིག་འཛིན་དབང་མོ
སྐྱ་ཆད་བཅོམ་ཉིལ་དུ་བཏང་བའི་ང་རང་ཁེར་རྐྱང་དུ་བཞག་རྗེས
ཁྱོད་རང་ནམ་མཁའི་གསེང་དུ་བཞུད་སོང་བ་སུ་ལ་གསལ
ལུས་སེམས་ཧ་ཅང་འཁྱགས་པའི་སྐབས་ཤིག་ལ
ཁྱོད་རང་ཕྱི་ནང་མེད་པར བདེ་མོ་མི་འཇོག་པར་ང་དང་བྲལ་རྗེས
ངས་འཇི་རྟེན་འདི་ཇི་ཙམ་ཆེ་བར་གླེང་ཀྱང
ངོ་གདོང་གཡོག་པའི་གྲོང་ཚོ་ཞིག་གི་རླུང་བུ་ཐན་ཐུན
ང་གཅིག་པུར་གནང་བའི་ཆང་ཁང་སྟོང་བ་དེ་རེད
ཆང་ཁང་དེའི་ནང་གི་དྲན་པ་ཡོད་ཚད
སྔས་མགོ་གཅིག་གི་མཁའ་དབུགས་རྔུབ་སྟངས་དང
མལ་ཁྲི་གཅིག་གི་གོམས་སྒྲ་འཇོག་སྟངས་རེད་པས
བདེ་མོ་འདི་ཡང་འདང་ཅན་ཞིག་གི་སྐྲ་ལོ་ལྟར་ཁུར་བའི་ཚེ་སྲོག་ཡིན
བུ་མོ་ཞིག་གི་ཟུར་མིག་ལ་བཞག་པའི་སྣང་བ་ཙམ་རེད
ང་ཡི་སྙིང་ཉེ ང་ཡི་སྙིང་ཉེ
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།