ང་ཨ་མདོ་ན་ཡོད་དུས་མོ་དབུས་གཙང་ན་ཡོད།
ང་ཨ་མདོ་ན་ཡོད་དུས་མོ་དབུས་གཙང་ན་ཡོད
ངས་མཚོ་སྔོན་པོའི་རྣ་ལོང་གི་འགྲམ་ནས་མེ་ཏོག་རྐང་གཅིག་བཏུས་ཡོད
དཔྱིད་མགོ་མའི་མེ་ཏོག་འདིར་ལྷུག་པར་གྲོལ་བའི་ཟེའུ་འབྲུ་མེད་ན་ཡང་།
མེ་ཏོག་གི་འདབ་མ་རེ་རེའི་སྟེང་ན་ཁྱོད་དྲན་པའི་ན་ཟུག་འགོད་སའི་ཤོག་བུ་རེ་གྲུབ་ཡོད།
ང་ཨ་མདོ་ན་ཡོད་དུས་མོ་དབུས་གཙང་ན་ཡོད།
ངས་བླ་བྲང་གི་གྲྭ་མང་འདུ་སའི་ཚོགས་ཁང་གི་ཟུར་ནས་ཁ་བཏགས་ཡུག་གཅིག་ལ་དགུ་མདུད་བརྒྱབ་ཡོད
ལོ་སོ་མའི་ཁ་བཏགས་འདིར་བྱིན་རླབས་ཀྱི་ཚན་ཁ་མི་བསྔོ་ཡང་།
རྟགས་བརྒྱད་གྱི་རི་མོ་རེ་རེའི་གསེབ་ན་རང་ཉིད་ཀྱི་བདེན་པ་སྲུང་ཡོད
ངའི་མཐའ་འཁོར་གྱི་མི་འདི་དག
ན་ཟུག་གི་གསང་བ་ཏོག་ཙམ་མེད་པར
བར་ཐག་གིས་བྱིན་པའི་སྡུག་བསྔལ་འདིར་རེ་སྨོན་མི་བྱེད་དོན་གང
གང་ལྟར
ངེད་གཉིས་ཀྱི་ལས་དབང་གི་བར་ཐག་འདི་ཁམས་ཕྱོགས་ཀྱིས་བཅད་ཡོད
ངེད་གཉིས་ཀྱི་སྙིང་ཆུང་གི་འཕར་ལྡིང་འདི་ཁམས་གསུམ་ལ་ཐིམས་ཡོད
དོ་ནུབ
ངས་རང་ཉིད་ཀྱི་དྲན་པ་ཡོད་ཚད་ཇོ་མདུན་ན་མིག་ཆུ་འབྱིད་པའི་མཇལ་བ་དག་ལ་སྐུར་ནས
མི་རིང་བའི་འཚོ་བ་གསར་བ་ཞིག་གི་ཁྲོད་ནས
ཁྱོད་བསུ་བའི་སྟ་གོན་བགྱིས་ན
ཁྱོས་གཏན་ནས་ཐེ་ཚོམ་གྱི་གཉའ་བ་མ་སྒུར
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།