ནོར་བུ་དང་འབྲེལ་བ་དག༼ཞར་བཀོད་གཅིག་ཡོད༽
མལ་སར་འཛུལ་ནས་གཉིད་ལ་མ་ཤོར་གོང་གི་བར་དེར།
ངས་སྙན་ངག་ཡག་པོ་ཞིག་སེམས་སུ་བྲིས་ཤིང་ཡང་ཡང་བཟླས།
སྙན་ངག་དེ་ཡོད་པས།
མདང་དགོང་ཁོ་ནར་འཆི་བའི་ཕྱོགས་ལ་བསམ་བློ་འཁོར་མ་དགོས་ཤིང་།
གར་ཡོང་མི་ཤེས་པའི་ལག་པ་ནག་པོ་དེའི་ཀུ་རེ་ཡང་བཟེད་མ་དགོས།
མལ་སའི་ནང་དུ་ཁ་ཁུ་སིམ་པོར་ཉལ་དུས།
འཆི་བ་དང་བར་ཐག་ཆེས་ཉེ་བ་འདྲ་ལ།
འཆི་བ་དང་མ་འོངས་པ་གཉིས་ནི་རང་གི་ལག་པ་གཉིས་དང་འདྲ་བར།
བྲང་ཁར་བཞག་ནས་སྙིང་ལ་གློན་ཐབས་མི་འདུག
ལག་པ་འགུལ་ནས་སྙན་ངག་དེ་ཡི་གེར་དབབ་པའི་ཚེགས་སྣང་གིས།
ད་ནི་དྲན་པའི་ནང་རོལ་ཅི་ཙམ་བསྔོགས་ནའང་།
ཇ་ཁུག་སྟོང་བ་དག་ཏུ་སྙོབ་པ་ནང་བཞིན་གང་ཡང་རྙེད་རྒྱུ་མི་འདུག
དོ་དགོང་།
ངས་བློ་ཐག་ཆོད་པོས་སླར་ཡང་རི་བོང་དེར་བསྒུག་དགོས།
2014/01/03
འབུ་མེ་ལྕེབ་ཅིག་གི་སེམས་གསོ་བ།
ཐང་དཀར་གྱི་གཤོག་པ་ཙག་གིས་ཕྱིད་དུས་ཤིག་ལ།
འབུ་མེ་ལྕེབ་ཅིག་འཕུར་མ་ལྡིང་གིས་བསླེབས་པར་མི་མཚར་རམ།
དེ་ཉིད་ཀྱིས་ལྕེབ་སའི་མེ་ལྕེ་མ་རྙེད་པར།
ངའི་འདོད་ཧམ་གྱི་མིག་ཟུང་ནང་ལ་ལྕེབ་པར་རྩོམ་ཚུལ་ལ་དེ་བས་གད་མོ་བྲོའོ།།
ངའི་མིག་ནང་གི་མེ་རིར་འཇུག་ཚེ།
མཐའ་མི་མངོན་པའི་རྒྱ་མཚོ་བརྒལ་དགོས།
རྒྱ་མཚོའི་ཁ་རུ་གཡེང་བའི་སྙིགས་རོ་དག་ནི།
ང་རང་སྐྱེ་བ་མང་བོར་གཉིད་ལ་རོལ་དུས་ཀྱི་མིག་སྐྱག་ཡིན།
དེ་དག་གི་ཁྲོད་དུ།
གཤོག་པ་ཡ་གཅིག་ཀོ་གྲུ་དང་།
གཤོག་པ་ཡ་གཅིག་གྲུ་ཁེམ་མ་བྱས་ཚེ་ཐར་ཐབས་མི་རྙེད།
སྡུག་བསྔལ་གྱི་མིག་ཆུ་ཙམ་ཞིག་བསོག་སའི་མིག་ཟུང་འདི་ལས།
འཚང་རྒྱ་ཁ་མར་དབུགས་དབྱུང་ཙམ་སྦྱིན་ཐུབ་ཚེ།
ངས་མིག་ཟུང་ཆེས་ཆེར་བགྲད་ནས་གྲོགས་དན་བྱེད་ངེས།
ཤིན་ཏུ་དྭངས་པའི་མིག་ཆུའི་ཐིགས་པ་གཅིག་གིས།
འོད་ལུས་སུ་དེངས་ཚུལ་ལ་རྗེས་དྲན་ཞུ་ངེས།
2014/01/05
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།