ལྷ་སའི་མཚན་མོའི་འཚོ་བ།
བྲེད་ཤ་ལངས་པའི་རྣ་གཤོག་དེས
གྲུང་ཤ་དོད་པོའི་གཟབ་ཉན་བྱེད་དུས
རོལ་དབྱངས་ཀྱི་ལྡིར་སྒྲ་རྩུབ་པོས
སྐྱིད་ཆུ་སྔོན་མོའི་རླབས་སྒྲ་ཐོས་དཀའ་བ་ནི
ལྷ་སའི་མཚན་མོའི་འཚོ་བ་འཁྲུག་དྲགས་པས་ཡིན་རྒྱུ་རེད
ལྷ་སའི་མཚན་མོའི་འཚོ་བ
ཟླ་འོད་འཚེར་འཚེར་འོག་གི་ལྷ་སའི་མཚན་མོ
བཙོག་པ་རྐྱང་རྐྱང་ཁྲོད་ཀྱི་མཚན་མོའི་འཚོ་བ
བརྣབ་སེམས་དང་གནོད་སེམས་གྱོན་ནས
གྲོང་ཁྱེར་འདིའི་འུག་པ་ཚོས
ག་དུས་ནས་བསྐྱངས་ཤིང ཇི་ཙམ་བར་སྐྱོང་ངམ
སྤྲོ་སྣང་མ་ཡིན་པའི་སྤྲོ་སྣང་གི་ལྷ་སའི་མཚན་མོ
སྤྲོ་སྐྱིད་གླིང་གི་ཅོག་ཙེའི་སྟེང་ན
སུ་ཞིག་གི་རྔུལ་ཆུ་འཁྱིལ་ཡོད
གློག་ཞུ་དམར་ལམ་མེའི་ཨར་ཁང་དབུས་སུ
གང་ཞིག་གི་བདེན་པ་བརླག་སོང
གླ་བྱེད་རླངས་འཁོར་གྱི་ཁ་ཕྱོགས་ག་ཚོད
གཞང་ཁང་ལྟ་བུའི་མགྲོན་ཁང་ལ་ཕྱོགས་པ་ནས
ནག་ཉེས་མེད་པའི་བུ་ཕྲུག་ག་ཚོད་ཕ་མ་ཁ་བྲལ་དུ་ལུས
ལྷ་སའི་མཚན་མོ མཚན་མོའི་སྐྱོ་གར
གཙུག་ལག་ཁང་གི་གསེར་ཏོག་ལ
དམར་དམར་གློག་སྒྲོན་གྱི་འོད་མདངས་འཕྲོ་བཞིན
པོ་ཏ་ལའི་གྱང་མདོག་ཆེས་དཀར་དུ་གཏོང་དུས
ལྷ་སའི་མཚན་མོར་ཇོ་བོ་གཉིད་ཟིན་པས
མཚན་མོའི་འཚོ་བ་འདོད་རྔམས་ཀྱིས་འཚོས་ཡོད
ཀྱེ་མ་ང་ཡི་ལྷ་སའི་མཚན་མོ
ཀྱེ་ཧུད་ང་ཡི་མཚན་མོའི་འཚོ་བ
སྐར་ཚོགས་ཀྱང་གྲང་འདར་ཤོར་ཅིང
ཉམ་ཆུང་གི་ཞུ་གཏུག་དགོས་པ
གླེང་མི་ཚར་བའི་སེམས་ཀྱི་ན་ཟུག
བྲིས་མི་ཚར་བའི་འཚོ་བའི་མེ་ལོང
ལྷ་སའི་མཚན་མོའི་འཚོ་བ་ཨཱ
སྦི་རག་སྐྱུར་མོའི་མངར་ཁ་ན རྦད་དེ་བཟི་འདུག
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།