ལམ་ལ་ཆས་དུས་ཅི་ཞིག་བརྗེད་པ་དང་འདྲ།༼སྙན་ཚོམ ༽
༡ ལམ་ལ་ཆས་དུས་ཅི་ཞིག་བརྗེད་པ་དང་འདྲ།
ལམ་ལ་ཆས་སོང་ཟེར་དུས་ཁྱོད་ཀྱི་ཡིད་ལ་ཞོགས་པ་ཞིག་འཆར་ཡང་སྲིད་མོད
ང་རང་ལམ་ལ་ཆས་དུས་ཉི་མ་ནི་དཀར་ངོགས་གངས་རི་འདྲ་བོ་ནས་རྦབ་ཏུ་གྲིལ་ཏེ
མི་རྣམས་མུན་ནག་གསེབ་ཀྱི་ཚེར་སྡོང་འཛིང་འདྲའི་གློག་འོད་འོག་ན་འདུར་གྱིན་འདུག
དམིགས་ཡུལ་གྱི་ཆེད་དུ་གྲིབ་མ་ནག་རིལ་དང་འདྲ་བར
ང་དང་ལྷན་ཏུ་ཤི་གཤིབ་རོ་གཤིབ་བྱེད་ཀྱིན་པ་ནི་འགྲུལ་བཞུད་རེ་རེའོ
ལམ་ལ་ཆས་དུས་ང་ཡིས་ངོ་གདོང་ཁ་ཤས་དང་དོན་བྱ་ཁ་ཤས་དྲན་སྲིད་ལ
དེ་དང་མཉམ་དུ་སྙིང་ལ་ཐོགས་པ་ཅི་ཞིག་བརྗེད་པ་དང་འདྲ་བའི་ཞེན་ཆགས་ལྗིད་པོ་ཞིག
དུས་ཚོད་ལ་འབྲེལ་བ་མེད་པར་མག་མོག་རབ་རིབ་ཀྱི་སེམས་པའི་གཏིང་ནས་དྲན་ཡོང་ངོ
༢ མེ་འཁོར་འདིས་གདོང་ཀ་སྤྲོད་ས་ཞིག་འཚོལ་གྱིན་པ་འདྲ།
ངས ང་རང་དང་བཅས་པ་འདིའི་ནང་དུ་གཡོས་རྒྱུ་ལྡུགས་ལྡུགས་བྱས་ཡོད
སྒེའུ་ཁུང་དག་ཡོད་པས་ས་འབུ་ནག་རིང་ཁྲ་ཁྲ་ཞིག་དང་ཡང་མི་འདྲ་ཟེར་རྒྱུ་དཀའ་འོ
ས་ཚིགས་རེ་ནས་གྱང་ལ་རྡེབ་པའི་འཛེར་མ་རྡོ་ལ་འཕྲད་པ་ལྟར
དམིགས་ཡུལ་གྱི་གསེང་དུ་འཐིམ་པར་ཅུང་ཙམ་འགོར་འགྱངས་ཀྱང་བྱེད་དོ
གྲོང་དང་གྲོང་ཁྱེར་དང རི་དང་ལ་ལུང་གིས་ཤད་ཀྱིན་པའི་སྐྲ་ཉག་ཅིག་དང་འདྲ་ལ
འདི་འདྲའི་སྐྲ་ཉག་མང་བོ་ཞིག་སའི་གོ་ལའི་མགོ་ན་བསྐྱོད་ཀྱིན་པ་སུས་མི་ཤེས
མཚམས་དང་མཚམས་སུ་བོང་བུའི་མགྲིན་པ་དང་འདྲ་བར
ཐལ་སྐྱ་ལྟ་བུའི་ནང་ལོག་གི་ས་སྐྱ་བོ་དག་གི་གཞི་ནས་ཧོ་རིང་ཡང་འདེབས་སོ
ཁ་གཏད་ཀྱི་རྒྱ་མོ་ཞིག་གིས་ཁ་པར་ཡང་ཡང་བཏང་ནས་སུ་ཞིག་ལ་དམོད་མོ་བྱེད་པ་ལྟར
མེ་འཁོར་འདི་ཡང་ཤུགས་ཆེན་པོས་རྒྱུག་སྲོལ་ལ་བལྟས་ན་གདོང་ཀ་སྤྲོད་ས་ཞིག་འཚོལ་གྱིན་པ་འདྲའོ
ས་སྲོད་ཀྱི་རྨ་ཁ་ནས་མུན་ནག་བཞུར་ཏེ་ང་ཡི་མཐོང་ལམ་བཅད་པས
ད་ནི་གང་ཞིག་ལ་བརྡབས་ནས་སྐར་མ་ལྟར་འཐོར་རུང་བཀོད་པ་ཁྱོན་ནས་མེད་དོ
༣ རང་ཡུལ་དང་གྱེས་པ་ནི་ལྷམ་ཆུང་བོར་བ་འདྲ།
དབྱར་གཞུང་གཅེར་བུ་ཞིག་ཤ་དྲོད་ལམ་ལམ་གྱིས་ནམ་མཁའི་མལ་ཁྲི་ན་ཉལ་འདུག
བྱིས་བློ་བཞིན་རྒོད་པའི་ལུ་གུ་ཁྱུ་ཞིག་སྤང་ཐང་ན་སྤྲིན་དཀར་ཞོགས་ཞོགས་བྱེད་ལ
སྦྲ་གུར་གྱི་ཚོམ་བུ་ཞིག་ཀྱང་མེ་ཏོག་དཀར་དམར་གྱི་གསེབ་ན་གློ་ཉལ་བྱེད
སྐར་མའི་ཚོགས་ནི་མུན་ནག་གི་ལྕགས་ལེབ་ངོས་ནས་ལྷུང་ལ་ཉེ་བའི་ཆུ་ཐིགས་དང་འདྲ་ལ
སྦྲའི་ཁ་ཚུབ་ནི་མིག་ཟུང་བསུམ་མི་སྲིད་པའི་མཚན་མོའི་སོ་བ་དང་འདྲའོ
ཆར་དང་ལོ་ཟླའི་གཙུབ་བརྡར་གྱིས་ཟད་ཀྱིན་པའི་རྩེད་ར་ཞིག་ཐག་རིང་ནས་ལུས་པ་དང
ལྷ་སྒྲུང་དང་ཉི་ཟེར་གྱིས་དཀྲིས་པའི་རྫ་རི་ཞིག་ན་ཚོད་ཀྱི་སྨུག་པས་བཏུམས་དུས
ང་ཡི་རྨི་ལམ་ནང་གི་བེའུ་ཆུང་དེ་ཡང་རུ་སྣ་འདྲེན་པའི་ཁལ་གཡག་ཅིག་ཏུ་གྱུར་འདུག་ལ
ལག་པའི་ནང་གི་མེ་ཏོག་སེར་བོ་དེ་ཡང་གློག་ཀླད་ནག་པོ་ཞིག་ཏུ་གྱུར་འདུག
འདི་ཕྱོགས་ཀྱི་སྒེའུ་ཁུང་ནི་ཨ་མར་སྒུག་པའི་བྱིས་པ་ཞིག་ལྟར་ཕར་ཕྱོགས་སུ་ཅེར་འདུག་ལ
སེམས་པ་ཡང་ནད་ཡམས་ཀྱིས་ཡོངས་སུ་ཟིན་པའི་མི་ལྡོམ་ཞིག་ཏུ་གྱུར་འདུག
དམིགས་ཡུལ་ཏུ་སླེབས་པར་ལྷམ་ཆུང་བོར་བ་ལྟར་ཡིད་ཆེས་ཁྱོན་ནས་མི་འདུག
༤ ལས་ཁུངས་འདིས་ང་རང་བོང་བུ་ཞིག་ལ་འཁྲུལ་གྱིན་འདུག
ཞོགས་པ་ཟེར་བ་འདིས་ལས་རྒྱུ་མང་བོ་ཞིག་དཀར་སིང་ངེར
འཇིག་རྟེན་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་སེར་སྣ་མེད་པར་གཡུགས་སོང
ཁང་རྩེག་རེ་རེ་ནི་མི་ཆེན་ཞིག་ལྟར་འགྱིང་ནས་ཁྱོད་ཀྱི་བགྲོད་ལམ་འགོག་རུང
སྲང་ལམ་རེ་རེ་ནི་གཡོག་པོ་ཞིག་ལྟར་ཁྱོད་ཀྱི་མདུན་ན་ཉམ་ཆུང་གིས་སྒུར་འདུག
འུར་ཟིང་གི་ཚེར་གསེབ་བརྒྱུད་ནས་ལས་ཁུངས་སུ་ཐོན་དུས
འཚོ་བ་ལ་གས་ཀ་ཤོར་བ་ལྟར་བསྒྲུབ་ནས་ཚར་རྒྱུ་མེད་པ་དག་གིས་ལས་ཁུངས་མེར་མེར་བོར་གང་འདུག
ལས་གྲོགས་ཚོ་ཡང་གཤིབ་ནས་འོང་བ་ཞིག་དང་མི་འདྲ་བར
རང་རང་ས་ན་ངོ་ནག་པོ་ཟངས་ཕྱིད་འདྲ་རེ་དྲུད་ནས་ཚགས་ཀྱིན་མི་འདུག
སུ་ཞིག་གི་མིང་འབྲི་དགོས་པ་ཁོ་ནར་ཡང་རེའུ་མིག་ལྔ་དྲུག་རེ་བརྒྱུད་དགོས་པའི་བརྒྱུད་རིམ་འདིས
སྤྲིན་པ་དག་ངར་དྲགས་ནས་ས་སྲོད་ཀྱི་ལྕགས་ཐབ་སྟེང་ན་དམར་ནག་ཏུ་གྱུར་འདུག་ལ
རླུང་བུ་དག་ཀྱང་རུལ་ནས་མུན་པ་ནག་གོར་རེ་བ་ཞིག་ཏུ་གྱུར་འདུག
འོན་ཀྱང ལས་ཁུངས་འདིས་ང་རང་བོང་བུ་ཞིག་ལྟར་བཀོལ་ནས་མཚམས་མི་འཇོག་པ་འདྲའོ
༥ རྨི་ལམ་སྐྱིད་པོ་ཞིག་རྨི་རྒྱུའང་ལས་སླ་མོ་མིན་པ་འདྲ།
མེས་པོ་སྟོད་རྗེན་ཞིག་དང་འདྲ་བའི་གངས་རི་མཐོང་ས་ཞིག་ནས
མགུར་གླུ་ཁ་ཤས་ཀྱི་དགོངས་པ་སེམས་དང་འདྲེས་ས་ཞིག་ནས
རྔོན་པ་ཁེར་རྐྱང་ཞིག་གི་ངོ་གདོང་དང་འདྲ་བའི་ས་སྲོད་དང་ཉེ་ས་ཞིག་ནས
རང་གི་ཡོད་ཚད་སྙན་ངག་གི་བསང་དུད་དང་བསྲེས་ནས
ང་ཟེར་བ་འདི་ཆར་ཆུ་ཐེངས་ཤིག་གིས་ལེགས་པོར་བཀྲུས་ནས
ལུས་ཀྱི་གཟེབ་དྲ་དང་འདྲ་བའི་ཆུང་མ་བུ་ཕྲུག་དང་བཅས་པར་འབྲལ་ན་འདོད་མོད
རྨི་ལམ་སྐྱིད་པོ་ཞིག་རྨི་རྒྱུའང་ལས་སླ་མོ་མིན་པ་འདྲ
༦ ང་ཡི་བྲང་ཁ་འདི་ན་ལྗིད་མོ་ལྗིད་མོ་ཞིག་ཡོད་པ་འདྲ
ཁ་ཉིན་ང་ཡིས་སྒྲིག་པའི་བརྩེ་བ་དག་ཧྲུག་གེར་གཅོག་བྱེད་ཅིག
སང་ཉིན་ང་ལ་དབང་བའི་མཛེས་པ་དག་དུམ་བུར་གཅོད་བྱེད་ཅིག
ཁྱོད་ཀྱིས་མི་ཤེས་པ་ཞིག ང་ཡི་བྲང་ཁ་འདི་ན་ལྗིད་ཏིག་གེར་ཡོད་པ་འདྲའོ
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།