བར་སྐོར་ནས་རྙེད་པའི་ལྷ་སའི་ངོས་གཅིག
ཉི་མ་སེར་པོ་དེ།
མཁའ་ལ་ཤར་བ་ནས།
ལྷ་སའི་བར་སྐོར།
མགོ་ནག་མི་ཡིས་ཁེངས་ཟིན།
མི་འདི་དག
དབྱར་ཁའི་སྦྲང་མ་བཞིན་འུར་འུར་ཟང་ཟིང་གིས་གྲུ་ཟུར་གང་སར་འདུ་ལ།
སྤྱང་རྒན་ལྟོགས་པ་ལྟར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁུང་བུ་གང་སར་འཛུལ།
མི་འདི་དག
ནམ་སྔ་དྲོ་ནས།
ཕྲེང་བ་འདྲེན་བཞིན་ཚོང་ལས་གླེང་གིན་ཐང་ཆེན་དུ་འཛོམས་དུས།
ཐང་ཆེན་སྟེང།
དར་པོ་རིང་མོ་འདི་འདར་གྱིན་འདུག
གཙུག་ལག་ཁང་ནང།
མར་མེ་སེར་པོ་དེ་འཁྱོམས་ཀྱིན་འདུག
རེ་བ་འུ་ཐུག་གཅིག་དང། བརྩེ་བ་ཐབས་ཟད་གཅིག་གིས།
མི་འདི་དག
རྐང་བཞི་ཕྱུགས་ཀྱི་ལད་མོ་ལས་ཀྱིན་འདུག
འགྲོ་བ་མི་ཡི་ཞབས་འདྲེན་ཞུ་བཞིན་འདུག
མགོ་བོ་ཀླད་མེད་ཅིག་དང། འཚོ་ལུགས་ཐབས་སྡུག་གཅིག་གིས།
མི་འདི་དག་ལ།
ཨ་མས་གནང་བ་མིན་པའི་ཁ་གཅིག་སྐྱེས་འདུག
ཨ་ཕས་སྦྱིན་པ་མིན་པའི་ལག་པ་གཅིག་སླེབས་འདུག
མི་འདི་དག མི་ལུས་སུ་སྐྱེས་པ་འཆུག་དྲག་པའི་མི་འདི་དག
ཁོ་པ་ཚོས།
སྔོན་ཐོན་ཡིན་ཁུལ་ལྟ་བུའི་སྐེད་གྲི་དག་ངར་གྱིས་བཞེངས་ཏེ།
རང་སྲོག་ལྟར་གཅེས་པའི་ལས་འབྲས་དེ་དམར་གསོད་གཏོང་གིན་འདུག
རང་སེམས་ལྟར་གདུང་བའི་གཞན་ཕན་དེ་བཙོན་ལ་འཇུག་གིན་འདུག
འབྲོང་ལྤགས་གྱོན་པའི་གདོང་གཅིག་དང། གཉེན་ཐག་བཅད་ཟིན་པའི་སེམས་པ་གཅིག་གིས།
མི་འདི་དག
སྐད་རིགས་གང་ཞིག་ལ་ཤི་འཐམས་རོ་འཐམ་བྱས་ཏེ།
མ་སྐད་དེ་སྡུག་བསད་གཏོང་གིན་འདུག
ཕ་སྐད་དེ་དུར་དུ་སྦས་ཀྱིན་འདུག
ཡ་ང་བའི་རང་དོན་གཅིག་དང། ཡིད་སྐྱོ་བའི་རང་ཤེད་གཅིག་གིས།
མི་འདི་དག
སུས་ཀྱང་མཐོང་མི་འདོད་པའི་ཕོ་རོག་ལ་འགྱུར་གྱིན་འདུག
ཏག་ཏག སྐབས་དེར་སྲིན་བྱས་མི་ཡུལ་ལ་ཐན་སྐད་སྒྲོག་པའི་དུས་ཚོད་རེད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།