སྣང་ལ་མ་ངེས་པ་དེ་དག
བྱེའུ་ཞིག་འཕུར་ཏེ་རི་རབ་ཀྱི་རྩེ་ལ་བབས
མིག་གིས་ཟིན་དང་མ་ཟིན་པའི་མཚམས་སུ
མིག་ཤེལ་ཞིག་གྱོན་པས་ཀྱང་མཐོང་ཐབས་བྲལ་བའི
ཁྲ་ཆིལ་ཆིལ་གྱི་གྲོང་དང་གྲོང་ཁྱེར
དེ་ཡི་གསེང་དུ་གཤར་གྱིན་པའི་གྲོག་མའི་ཚོགས
ང་ཡིས་མཐོང་འོང་བ་དེ་མེ་ཏོག་དང་རྩི་ཤིང་མ་ཡིན་པར
ཨར་འདམ་དང་སོ་ཕག གློག་འོད་དང་འུར་ཟིང
གཤོག་པ་རྐྱོང་སའི་བར་སྣང་གི་ཕོ་བྲང
ད་ལྟ་ནི་ཞིག་རལ་དུ་གྱུར་བའི་མཁར་ཁ་ཞིག་དང་ཅི་འདྲའི་འདྲ་ཨང
ས་སྲོད་ནི་གོས་ལྭ་དམར་སྨུག་གྱོན་པའི་བུ་མོ་དེར་འགྲོགས་ནས
མུན་པའི་གདོང་ཁེབས་ཤིག་ལག་པས་བསྐྱོར་ཏེ
ཕྱིར་བལྟས་མེད་པར་བུད་སོང
ལ་གཞས་དབྱངས་སུ་འགུག་མཁན་གྱི་ན་ཆུང་མ་དེའང་བུད་སོང
ཝ་དང་ཁྱི་སྤྱང་གིས་ཟུག་སྐད་འབྱིན་པའི
དེ་རིང་གི་སྒོ་གླེགས་རྡུང་གིན
ལྕགས་ཟྭ་ལེབ་ལེབ་དེའི་ངོས་ཤིག་ཏུ་བསྐུངས་པའི
སྣང་ལ་མ་སྣང་བ་མཐའ་དག་བསྐྱུར་ཏེ
གཏན་དུ་ལམ་དུ་ཆས་ཟིན
སྒོ་རྡུང་དང ཚ་ལ་ངར་བའི་ལག་ཟུང་མང་པོ
ཚུར་ནས་ཚུར་དུ་བསྲིང་འོང་བར་ཐེ་ཚོམ་ཅི
སྙིང་དང་གློ་བ་སྲེག་བྱེད་ཀྱི་དུ་བ་དང་སྦི་རག་དམ་བུ་འགའ
མེ་ལོང་ལས་མངོན་ཡོང་བའི་དུས་སུ
སྔར་ནས་སྦར་བའི་མེ་ལྕེ་དེའི་སྣེ་མོ་ལས
རྨི་ལམ་བརྩེགས་མ་དག་ཤིག་དང་སྲོ་མ་བཞིན་འཐོར་ཡོང
སྣང་དང་མ་སྣང་བའི་སྒོ་དང་སྒེའུ་ཁུང་དེ་དག
ཕོ་བྲང་གི་རྩིག་པའི་ངོས་སུ་སྦྱར་ཏེ
ཡང་དང་བསྐྱར་དུ་དེ་ལ་བཟོ་བཅོས་བརྒྱབ
ཕྱི་ལོ་༢༠༡༣ལོའི་ཟླ༡༢པའི་ཚེས༡༥དགོང་མོར་སྦྱར།
༼མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང༽
རྩོམ་ཁུངས། ངེད་དྲ་བ།