ཚོར་བའི་བསྡུས་གཟུགས།༼ཞར་བཀོད་གཅིག་ཡོད༽
སྤྲིན་པ་ཞིག་རང་ཉིད་ཡིན་པའི་སྣང་བ་དེ
གློ་རྡེག་གི་མེ་འབར་སྟངས་དང་ཆ་འདྲ་བས
སྙིང་རྩ་འཕག་པ་དང་གཉིས་སུ་མེད་པའི་ཚོར་བ་ནག་པོས
ངའི་མེ་ལོང་དེའང་བྱི་དོར་བྱེད་ཀྱིན་འདུག
དེ་རིང་གི་ཚོར་བ་ལ་སྙིང་རྟགས་བརྒྱབ་པ་འདིས
སྲུང་མདུད་དམར་པོ་མགུལ་དུ་བཏགས་པ་དང་ཆ་མི་མཚུངས་ཏེ
མེ་ཏོག་ཅིག་དྲན་པའི་རྟེན་དུ་ཕུལ་བ་བཞིན་འདང་བརྩེ་ཟབ
ས་གནམ་གྱི་བར་སྟོང་དུ་མིག་བཙུམས་ནས་བསྡད་པ་བཞིན
གང་ཞིག་དྲན་དགོས་པ་དེ་རྣམ་རྟོག་གི་གྲོང་ནས་ཚུར་ཚུར་འོང་དུས
ཆགས་སྡང་གི་གཡུལ་ས་ནས་ཤོག་ཧྲུལ་དཀར་པོས་ལོ་རྒྱུས་བཤད་སྲིད
ང་ལ་གཟུགས་ཅན་གྱི་རི་མོ་མི་འདྲ་བ་རེ་སྣང་བའི་འདུན་པ་བྱུང
2013.12.13བྲིས།
ལྷ་སྐུ་མདུན་གྱི་སྙན་ངག
གསེར་འོད་ལམ་ལམ་ཁྲོད་ཀྱི་དགོན་སྡེ་འདི
མེས་པོའི་རྨུ་ཐག་ནས་ཆད་པའི་སྙིང་སྟོབས་ཡིན
ཆོས་སྒྲ་ལྷང་ལྷང་ཁྲོད་ཀྱི་དགོན་ཆེན་འདི
གོང་མའི་ཕྱག་ལག་ནས་བརྒྱུད་པའི་ནོར་བུ་ཡིན
དགོན་པའི་དུས་ཚོད་ཀྱི་ཁ་ལྕེ་ནས་བརྡ་ཡིག་ཅིག་འབྱོར
དེ་མ་ཐག་ཏུ་ཏིང་ཏིང་གི་སྒྲ་ལས་ལྷིང་འཇགས་དཀྲོག
ས
ང་ཉིན་ནི་དུས་ཚོད་ཀྱི་བར་ནས་འཁོར་འདས་བོར་མཁན་དེ་ཡིན
ལན་རེར་ལྷམ་སྒྲོག་བཅིངས་ཡོད་མེད་བཤད་དཀའ
གང་ལྟར་ཉིན་བཞིན་འདི་ལྟར་ཆས་དགོས
དཀོན་མཆོག་ཁྲེལ་བཞིན་ཡོད་མེད་དོགས་པ་ཙམ་ཡང་མེད
ཁ་ཏོན་ལྟ་བུའི་སྒྲོལ་མ་དཀར་སྔོན་དག
ང་ལ་མཚོན་ན་རྒྱུན་ལྡན་སྒོམ་བཟླས་བྱེད་ཐབས་དཀའ
ཉིན་བཞིན་རྣ་ལམ་ནས་དྲག་འོང
སྐབས་རེར་སིལ་སྙན་གྱིས་དྲན་སྐུལ་བྱེད་འོང
རོལ་ཆས་བཀྲོལ་བའི་དུས་སུ
ཁུ་སུམ་མེར་སྙན་ངག་ཅིག་དྲན་འོང
དུང་སྒྲ་ལྟ་བུའི་སྙན་ངག་ཅིག་དྲན་འོང
དེ་དུས་རྩོམ་པ་པོའི་མིང་མི་གསལ
ཤག་ཏུ་ཐོན་དུས་འདི་འདྲའི་སྙན་ངག་ཅིག་བློས་བསླངས་བྱས
དྲན་སྒོ་ནས་ཐ་སྙད་ཀྱི་ཚོགས་དག་བོར་སོང
དཔེ་ཆའི་གསེང་དུ་ནར་མར་ཐ་སྙད་ཅིག་ཡོད
སྙུག་གུས་འབྲི་མི་ཐུབ་པའི་ཐ་སྙད་ཅིག་ཡོད
ད་དུང སྣུམ་ཚོན་རི་མོ་ལྟ་བུའི་ཚོར་བ་ཞིག་ཡོད
ལྐུགས་པའི་རྨི་ལམ་ལྟ་བུའི་ཚོར་བ་ཞིག་ཡོད
ལྷ་སྐུ་འདི་ཚོའི་མདུན་ནས་ཅི་ཞིག་དྲན་དགོས
སྦྱིན་བདག་ཅིག་གིས་ཕུལ་བའི་ཤོག་སྒོར་གྱི་རིན་ཐང་དྲན་དགོས་སམ
དཔེ་ཆའི་ནང་གི་དཀོར་གྱི་ཉེས་དམིགས་དྲན་དགོས
ཡང་ན ཐོས་པ་དགའ་ལྟ་བུའི་རི་ཁྲོད་པ་ཞིག་དྲན་དགོས་སམ
ཨ་ཁུ་ཨ་ནེ་ལྟ་བུའི་རྒྱུ་ཟ་མཁན་ཞིག་དྲན་དགོས
གནམ་གྱི་ཀ་རྒྱན་དག་གི་མཚོན་དོན་འོག་ནས
ལྷ་བཤོས་ཇི་སྙེད་བཤམས་པའི་མཆོད་པ་འདི་ཚོ
དཀོན་མཆོག་ཁོ་ནས་འབྱོར་ལན་ཞིག་གནང་ཚེ
དངོས་གྲུབ་ཟེར་བ་འདི་གཅིག་པུས་ཆོག་པར་བྱ
མགོན་སྐྱབས་ཟེར་ནའང་འདི་ལྟ་བུས་མཚོན་པར་བྱ
2013.12.13ཉིན་ཟུར་མང་དགོན་ཆེན་ནས་བྲིས།
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།