ང་རང་བྱིས་པ་ཡིན་དུས།༼ཞར་བཀོད་གཉིས་ཡོད༽
བརྩེགས་རིམ་ངོས་ཀྱི་ལོ་དང་ཟླ་བ
ཡོལ་བ་ནག་པོ་ཞིག་ལ་བྲིས་པའི་རི་མོ་དཀར་པོ་ཡིན
དེའི་གསེང་ན་འགུལ་བའི་དམར་རྗེན་གྱི་སྣང་བ
རྒོད་པོ་གནམ་ནས་འཕུར་བ་འདྲ ཉ་མོ་ཆུ་ལས་འཁྱུག་པ་འདྲ
སྐབས་དེར ང་རང་བྱིས་པ་ཞིག་ཡིན
རྩྭ་ཐང་ནས་ཨ་བྲ་འདེད་པའི་བྱིས་པ་ཞིག་ཡིན
མེ་ཏོག་གི་དྲི་ཞིམ་འཐུལ་བའི་ལུང་བ་དེ་ད་རུང་ཡིད་ན་ཡོད
སྦྲང་མར་སྐྲག་ནས་སྦྲང་རྩི་ཡང་མ་བླངས་པའི་བྱིས་པ་དེ་ང་ཡིན
ཆུང་ཆུང་གི་ལག་འཐུལ་ལ་བཞག་པའི
རྟ་ཕོའི་མཐུར་དང་སྦྲ་ནག་གི་ཆོན་ཐག
ཅི་ཙམ་འཐེན་ཡང་མི་དོ་བ་འདི་ང་བྱིས་པ་ཡིན་པས་རེད
དུས་སྐབས་དེར ང་རང་ངོ་མ་སྐྱིད་པོ་ཟེར་བ་དེ་ཡིན་སྲིད
རྨི་ལམ་ལ་གཤོག་པ་ཡོད་མེད་མི་ཤེས་མཚམས་སུ
འཇའ་རིས་ཡག་པོ་དེས་མིག་དབང་རབ་ཏུ་འཕྲོག་པས
རྐང་འཐུལ་ལ་ཚེར་མ་ག་ཙམ་བརྡབས་ཀྱང་མཛེས་པ་དོར་མ་མྱོང
དེ་ལྟར མིག་ལ་མངོན་པ་ཡོད་ཚད་དག་སྣང་དུ་འཛིན་ཞིང
སེམས་ལ་ཤར་བ་ཡོད་ཚད་བདེ་སྐྱིད་དུ་འདོད་པས
སྣབས་ལུག་རོ་འདྲ་ཞིག་དྲུད་ནས་དུས་ཚོད་དེ་ཇི་ལྟར་འདས་པའང་མ་ཚོར
ང་རང་བྱིས་པ་ཡིན་དུས
ང་ལ་རྩེད་གྲོགས་ཧ་ཅང་མང་པོ་ཞིག་ཡོད
ལུ་གུ་ཆུང་ཆུང་དང་བེའུ་ཆུང་ཆུང རྟེའུ་ཆུང་ཆུང
ད་རུང་རྩེད་རྡོ་བཤམས་རོགས་ཀྱི་ན་མཉམ་བྱིས་པ
དེ་དག་ནི་ཚེ་འདིར་ཡོད་པའི་སྣང་བ་ཡག་ཤོས་ཤིག་ཡིན
ང་རང་དེ་དག་གི་ཕྱིར་དྲན་དུ་འཛུལ་དུས
ང་ལ་མིག་འཕྲུལ་མ་ཡིན་པའི་མིག་འཕྲུལ་ཞིག་ཡོད
ང་རང་བྱིས་པ་ཡིན་དུས
རི་བོང་བློ་ལྡན་གྱི་གནའ་གཏམ་ལ་དགའ་བོ་ཆེན་པོ་ཡོད
སྟག་མོ་ལུས་སྦྱིན་གྱི་མི་དེར་ཧ་ཅང་དད
ཨ་ཅེ་གསེར་མོ་མཚོ་ལ་ཉན་ནས་ངུས་མྱོང
སེང་གེ་དང་ཝ་ལ་ཉན་ནས་བགད་ཀྱང་མྱོང
སྐབས་དེར བདེ་མོ་སྐྱིད་པོ་ཞིག་ལས་གཞན་མ་ཤེས
བྱིས་པ་མང་པོའི་དཀྱིལ་ནས།
རེ་ཐག་ཆད་པའི་ཆར་གཞུང་དེའི་ཁྲོད་ན
རྨི་ལམ་རུམ་པའི་བྱིས་པ་དག་སློབ་གྲྭར་འགྲོ
རྐང་རྗེས་འདམ་མྱགས་ནང་བཏོད་བཞིན་འགྲོ
ལན་རེར་བྱིས་པ་རེ་ཕྱིར་བྲོས་ནས་ཡོང་སྲིད
དེ་ནི་ཡུལ་དྲན་པ་མ་ཡིན་པར་སློབ་གྲྭར་སུན་སྣང་ཡོད་པའང་ཡིན་ཟེར
རྒྱུ་མཚན་དེ་ཡིན་ཤས སློབ་གྲྭ་གྲོལ་རྗེས་ཕྱིར་འགྲོ་བསམ་མཁན་ཧ་ཅང་ཉུང
བྱིས་པ་ནི་རྩེད་མོ་ལ་དགའ་བས
ཁྱིམ་སྦྱོང་ལས་བྱ་བྲི་རྒྱུར་དགའ་བོ་མེད
འགུལ་རིས་གློག་བརྙན་ལ་བལྟས་ན
རེ་རེ་ལ་དཔེ་ཆ་ལས་ལྷག་པའི་བསམ་ཚུལ་ཡོད་འདུག
ཡིན་ཡང ཞོགས་པ་སྔ་མོར་ཡར་ལངས་ནས་བུད་འགྲོ
ཉིན་གུང་གི་མཚམས་སུ་ཇ་ཞིག་འཐུང་རྗེས་ཡང་ཕྱིར་བུད་འགྲོ
སྣབས་ལུག་རོ་འདྲ་རེ་དྲུད་ནས་མིག་ཆུ་ཡང་དེ་བཞིན་རེད
ངུ་བ་དང་དགོད་པ་གང་གི་བར་དུ
དུས་ཚོད་ཀྱིས་བྲིས་པའི་ལོ་རིམ་དེ་དག
སློབ་ཁང་ཆུང་ཆུང་ཞིག་གི་ནང་དུ་ཚར
དེ་ནི་གོ་རིམ་ཞིག་ཏུ་འཕྲུལ་བར་ངེས་མོད
མེ་ལོང་ནང་གི་གཟུགས་དང་བརྙན་ལས
སྲིད་པའི་སྐྱེ་འཆི་ལས་ལྡིང་བའི་རླུང་བུ་གཡུགས
དེ་ཡིས་སྒུལ་བའི་འབྲི་དེབ་ཅིག་གི་ཤོག་ལྷེ
ཕུར་ཕུར་ནས་ཚི་དྲེག་དང་ཐེད་པོར་གྱུར
བྱིས་པའི་མཚན་མོ།
ཟླ་འོད་ཀྱིས་རང་ལ་མཆུ་སྦྱོར་ཞིང
སྐར་མ་ཁྲ་ཆི་ལེ་བ་དག་གིས་ཞབས་བྲོ་འཁྲབ
རླུང་གིས་ཅི་ཞིག་བཤད་པའི་སྐད་ཆ་དམར་པོ
ཉིན་གང་བོར་རྩྭ་ཐང་ནས་བཏོགས་པའི་མེ་ཏོག་འདྲ་བས
གཡུ་སྦྲང་བཞིན་གྱི་སྣང་བ་ནི
ཁྱེད་དང་ང་ཡིས་མ་ཟིན་པའི་གཟུགས་མེད་པ་དེ
རས་ཐུམ་ནག་པོས་བཀླུབས་པའི་མཚན་མོ
སྒོ་ཁྱི་ཞིག་གི་ཟུག་སྐད་ལས་དྭངས་པ་དང
རྨི་ལམ་གྱི་རོལ་མོ་བཀྲོལ་བའི་གང་ཟག
འཇའ་ཡི་རི་མོ་དང་རླུང་གི་ལྕེ སྤྲིན་གྱི་གདོང
སྣང་བའི་བང་མཛོད་དུ་བཤམས་པའི་དངོས་པོ་འདྲ
ང་ཡིས་དེ་དག་ཉག་ག་ཞིག་ནས་བདའ་ཡང
རྒྱུགས་ཐག་ཆོད་པའི་རྟ་ཕོ་མེད་པས
རྐང་ཐང་བ་ཞིག་གི་ལོ་རྒྱུས་རང་གིས་བྲིས
གལ་ཏེ ཁྱེད་རང་ང་དང་འདྲ་བར་བྱས་ན
བསམ་པའི་རི་རྩེ་ན་གཡོ་བའི་དར་ཤིང་གི་ངོས་སུ
དམྱལ་བའི་སྨུག་རིམ་བཏོད་པར་བྱེད་ངེས་ལ
འཚོ་བ་ཞེས་པའི་སྐད་ཅིག་སྐད་ཅིག་སྟེ
དུས་ཚོད་ཀྱི་ཁབ་རྩེ་ལ་ཁེན་ནས
འཆི་བའི་འཇིགས་སྣང་ལ་བཀྲ་ཤིས་བདེ་ལེགས་ཀྱི་རི་མོ་བྲི
དེ་བས བྱིས་པའི་མཚན་མོ་ནི
རང་གི་སྒེའུ་ཁུང་ལས་ཤོར་བའི་འོད་ཀྱི་མདངས་ཏེ
གང་ཞིག་དྲན་པའི་ཤོག་བུ་དཀར་བོ་ཡིན་པས
ཁུ་སིམ་པའི་མལ་དུ་རང་གི་དྲན་པ་བྲིས
དེ་རྗེས་ད་དུང་སུ་ཞིག་བསྒུག་པ་འདྲ་བའི
ཚོར་བའི་ཁ་དོག་ལ་གསེར་ཁུ་བྱུགས
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།