མདུན་རི་དང་གཞུང་སྒྲུབ་ཁང་།
མལ་ཁྲི་འདི་མི་ལོ་སུམ་ཅུའི་མ་རྩ་ཡིན
འཇིག་རྟེན་ལ་འགྲེལ་ཚུལ་གང་མང་ཞིག་འདི་ནས་འཚང་ཁ་བརྒྱབ
དགའ་བས་དགོད་ཆོག་པའི་སྡོམ་ཚིག་འདི་རུ་དབེན་ཞིང
སྐྱོ་བས་ངུ་འདོད་པའི་སྨྲེང་ཚིག་འདི་ན་གཏམས
བོད་མིའི་ངག་རྒྱུན་དུ་སྡུག་ན་མིག་ཆུ་མི་འདོན་པ་ཕོ་རབ་ཀྱི་ངང་ཚུལ་ཡིན་ཟེར
དེ་རིང་སྙན་ངག་གི་ཧྲག་བར་ནས་འགྲེངས་ཏེ་འགྲེལ་ཚུལ་དེ་ལ་བསམ
བརྗོད་བྱ་མང་པོའི་མིག་ཆུའི་བཞུར་རྒྱུན་ཚིག་ཕྲེང་ལས་འཐོར་ཞིང
བརྩེ་བ་བསྣད་པའི་རྨ་ཁའི་བཀྲག་མདངས་མེ་ཏོག་ལས་མཛེས
ཆར་ཟིམ་ཁྲོད གཞུང་སྒྲུབ་ཁང་འདར་ཞིང་ཡོམ
མི་ལོ་སུམ་ཅུ་རླུང་གིས་གཤགས་རལ་དུ་བཏང་རྗེས་སུ
མེ་ཏོག་བཞད་འདོད་པ་དགེ་གྲོགས་ཚོའི་རྨི་ལམ་ཁོ་ན་ཞིག
མདུན་རི་དེ ཚོང་བ་ཚོའི་ཁེ་སྤོགས་ཤིག
ཕངས་སེམས་ཀྱིས་སྐུལ་ཞིང་བརྩེ་བས་མནར་བ་ནི་སྔར་བཞིན་དགེ་གྲོགས་ཚོའོ
མདུན་རི་དབུ་ཁྱུད་ཡིན་ནམ་གཞུང་སྒྲུབ་ཁང་རྫོགས་ཤད་ཡིན
བཟོ་སྐྲུན་མང་པོ་ནགས་ཚལ་བཞིན་འགྲེང་བས
གྲོང་མི་ནགས་སྤྲེའུ་རུ་གྱུར་བའི་ཉམ་ང་རྒོད
མི་ལོ་རེ་རེའི་ཤོག་ངོས་རྫོགས་རྗེས་སུ
རྡོ་བའི་མདུན་རི རྡོ་བའི་གཞུང་སྒྲུབ་ཁང
མིང་བྱང་ཁུར་བའི་ཡིག་ཆས་ཤིག
ཉོ་ཚོང་དར་བའི་ཁྲོམ་ར་ཞིག
སྟོན་མཇུག་མ་ཐོན་པར་རླུང་གིས་སྐྱོམ
རླུང་བུ་ཡ་ཁྱེར་མ་འགྲོ་དང
མེས་པོའི་རུས་རྐང་གིས་ཟགས་པའི་རིན་ཐང་འདི
སྙན་ངག་གིས་ཚོགས་ཞིང་དུ་བསྔོ་ཆོག
ངས་བརྩེ་བ་བལྟམས་པའི་བདུད་རྩི་འཐུང་མྱོང་ལ
རྨས་ཟིན་པའི་ཟུངས་ཁྲག་བསྐྱར་གསོན་བྱས་ཆོག
མཚན་མོ་ཅི་འདྲ་རིང་རུང་མལ་ཆས་ཁོ་ན་ཞིག
གཞུང་སྒྲུབ་ཁང་རྡོ་བས་གྲུབ་རུང་ཤུན་སྐོགས་བཞིན་ཕུད་ཆོག
བརྩེ་བ་དེ་མ་དོར་ཚེ མིང་བྱང་དག་རླུང་རྟ་བཞིན་སྤུར་ཆོག
རི་མགོ་མཐོན་པོའི་ལབ་ཙེ
རྟོག་ལྗོངས་ཤིག་གི་ལང་ཚོ་ཡིན་ལ
མདུན་རི་ནས་འགྲེངས་ཏེ་གཞུང་སྒྲུབ་ཁང་གི་ཆག་འཇིག་སྒོམ
དེ་རིང་ཤོག་ཧྲུལ་མང་པོའི་མངའ་ཁོངས་ནས་ཁྱི་ལུད་རི་ལྟར་སྤུངས་བྱུང
གཞུང་སྒྲུབ་ཁང་དུར་ཁྲོད་ཀྱི་རྡོ་ཆག་དྲོན་པོ་བཞིན
ངས་སྙན་ངག་གི་སྤྱན་མིག་གཏིང་ནས་ཁྱེད་ཀྱི་འདས་སོང་གི་ཚ་དྲོད་གཞིབས
འབུ་སྲིན་གྱི་ཚུལ་གྱིས་སྐྱུགས་བྲོ་བའི་ནད་རོ་ཁྱུར་མིད་བཏང་སྟེ
ཉི་ཟླ་འདི་མ་འཇིག་བར་སྙན་ངག་གི་ལང་ཚོ་མངོན་དགོས
རྩོམ་ཁུངས། ངེད་དྲ་བ།