ཚིག་དང་ཡི་གེའི་རྨི་ལམ།
མདོ་ལྷོ་རྨ་ཆུ་ནས་འོངས་པའི་བདག་གིས་སྙན་ངག་གི་དོན་དུ་རྨི་ལམ་མང་ཙམ་རྨིས་མྱོང་བ་དང་། རྙེད་པའི་དཀའ་བའི་ལང་ཚོའི་སྣང་བ་དང་མཛེས་སྡུག་གི་དྲན་ཤིང་རེ་རེ་སྙན་ངག་ཅེས་པའི་བུ་མོ་ཁྲེལ་གཞུང་ཅན་དེར་ཕངས་མེད་དུ་སྦྱོར་མྱོང་།
ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཤང་ཡང་ན་སློབ་གཉེར་གྱི་ཞོར་དུ་དཔེ་ཀློག་ཐན་ཐུན་རེར་འབད་ཁུལ་བགྱིས་བཞིན་ཡོད་དོ།།
ཁྱོད་གང་དུ་ཡོད།༼༢༽
སྙིང་ཉེ། སུ་ཞིག་གིས་ཁྱོད་ལ་ལག་དམར་ཞེས་བརྗོད་མྱོང
སུ་ཞིག་གིས་ཁྱོད་ཀྱི་བྲང་ཁོག་སྒོ་བཞིན་ཕྱེས་ཏེ
གློ་དང་མཆིན་པ་རེ་རེར་ཐམ་ཀ་དམར་པོ་རྒྱག་མྱོང
སུ་ཞིག་གིས་སྡང་སེམས་རི་བཞིན་གཡོས་ཏེ
ཁྱོད་ཀྱི་བརྩེ་བའི་རི་དྭགས་ས་མཐར་བསྐྲད་མྱོང
སྙིང་ཉེ ཁྱོད་གང་དུ་ཡོད།
སུ་ཞིག་ཁྱོད་ལ་ཇག་པ་ཞེས་བོས་མྱོང
སུ་ཞིག་གིས་ཁྱོད་ཀྱི་བློ་སྤོབས་རྡུལ་བཞིན་མནན་ཏེ
རྟ་དང་སྒ་སྲབ་རེ་རེ་འཕྲོག་བཅོམ་བྱས་མྱོང
སྙིང་ཉེ སུ་ཞིག་གིས་ཁྱོད་ལ༼གང་དུ་ཡོད༽ཅེས་བརྗོད་མྱོང་ངམ
2013.10.3 ཉིན་གྱི་མཚན་གཞུང་ལ།
ཁྱོད་གང་དུ་ཡོད།༼༣༽
རི་དང་ལ་མོ་སྙིང་གིས་བརྒལ་བའི
ཡ་གིའི་སྨུག་གསེང་གི་གཞི་བདག་གསེར་རྭ་ཅན
སྙིང་ཉེ་ལགས། འབྲོང་།
ཁ་ཚུབ་ལས་མཆེད་ཡོང་བ་དེ
ཉི་ཟླའི་ཐོང་གར་རྨ་ཤུལ་འཇོག་མཁན་དེ
སྙིང་ཉེ་ལགས། བརྩེ་དུང་།
ཆུང་མའི་རྨི་ལམ་ནས་གསོན་ཡང་མྱོང་ལ་ཤི་ཡང་མྱོང་བའི
ཕྱིར་འོངས་པའི་རྔོན་པ་རལ་བ་སྨུག་པོ་ཅན་དེ
སྙིང་ཉེ་ལགས། ཇག་པ།
འབྲོང་གི་དམ་ཚིག
བརྩེ་བའི་རྨི་ལམ།
ཇག་པའི་མེ་མདའ།
སྙིང་ཉེ། ཁྱོད་གང་དུ་ཡོད།
2013.10.5 ཉིན།
འདི་ན་གནམ་ཟེར་བ་ཞིག་མེད།
འདི་ན་རས་ཡུག་སྔོན་པོ་སྔོ་རྐྱང་ཞིག་ཏུ
འོ་མའི་གཙག་གྲུབ་བྱས་འདྲའི
བདག་གི་རྨོ་མོས་དཔའ་བོའི་གདེངས་ཀྱིས་བཀྱགས་པའི
གདོད་མའི་འཇིག་རྟེན་དྭངས་མོ་དེ་གང་ན་ཡོད
འདི་ན་གནམ་ཟེར་བ་ཞིག་མེད
འདི་ན་ཉི་མའི་འོད་ཟེགས་གྲིབ་མས་གཡོགས་པའི
དུག་གི་རྣོ་ལྕགས་སྡོམ་དྲ་ལྟར་སྤྲེལ་འདྲའི
རྡོ་ཡི་རྩིག་པ་སྒྱུ་མའི་ངོ་གདོང་གིས་བཏེགས་པའི
སྲིན་པོའི་མཁར་རྫོང་བསྙོན་དུ་མེད་པ་ཞིག་ཡོད
འདི་ན་ང་ཡི་རེ་ཞིང་སྒུག་པའི་ནམ་མཁའ་དེ་དང
དེའི་འོག་གི་མགོ་དཀྲིས་དམར་པོ་གྱོན་པའི་རྫི་རོགས་སྒྲོལ་མ་གཡང་མོ་མེད་དོ
འདི་ན་ང་ཡི་འཚོལ་ཅིང་སྙེག་པའི་སྤྲིན་པ་དེ་དང
དེའི་ཞབས་ཀྱི་ཅང་ཤེས་གྱོ་ཁྲ་ཞོན་པའི་ཕུ་བོ་ཚེ་རིང་སྟོབས་ལྡན་མེད་དོ
འདི་ནི་ཉི་ཟླའི་རྒྱུ་བ་མཐོང་དུ་མེད་པའི
འདི་ན་ཡང་མོའི་རླུང་བུ་རྔུབ་ཏུ་མེད་པའི
འདི་ན་གནམ་ཟེར་བ་ཞིག་ག་ལ་ཡོད
2013.9.12ཉིན་ཤང་ཡང་གྲོང་ཁྱེར་ནས
རྩོམ་ཁུངས། ངེད་དྲ་བ།