མགོ་རས་གློ་སྐྱ།(ཞར་བཀོད་གཉིས་ཡོད)
མཁའ་མཐའི་སྤྲིན་པ་ལེབ་མོ་དག
སྦར་མོ་སྦར་མོ་བྱས་ནས།
ཁྱོད་ཀྱི་མིག་ཀོང་དུ་བླུགས་ཤིང་།
ཕྱོགས་བཞི་ན་རྒྱུ་བའི་རླུང་བུ་ལྡོམ་པོ་དག་གིས།
ཁྱོད་རང་གཡས་འཐེན་གཡོན་འཐེན་བྱས་རྗེས།
ང་ཡི་ཆུ་ཟོམ་གྱི་ཕྱི་ནང་ཀུན་བརླན་པར་བྱས་སོང་།
སྤྲིན་གསེབ་ནས་བོར་སོང་བའི།
འཇའ་ཡི་དྲན་པ་དག
ཡུགས་མོ་ཚོའི་ལྕགས་ཟམ་དུ་བབས་ནས།
སྲིད་པ་ལ་སྒོ་ཆེན་ཞིག་སྐྲུན་མགོ་རྩོམ།
ཏག་ཏག་དགུན་ཁ་ཞིག་ལ།
ཁྱོང་ཀྱིས་ཐ་མག་རྐང་གཅིག་བསྒྲོན་ཏེ།
མུན་པ་དག་ཧམ་འཐུང་བྱས་ནས།
ལྕགས་སྲུབས་ལས་སྐྱེས་པའི་མེ་ཏོག་དེ་བཏུས་པས།
ང་ཡི་མགོ་སྐྲ་ཞོགས་སོང་།
༢༠༡༢•༡༢•༡༣ར་རྔ་མཁར་ནས།
རྨི་ལམ་འཁྲུལ་སྟངས།
མཚན་མོ་དེར
ཁྱེད་ཀྱིས་བྱེ་མས་གཙང་པོ་ཞིག་ཁྲིད་དེ
ང་ཡི་ཉལ་སའི་སྟེང་འོག་ཀུན་ལ་འཐིམ་ནས
ང་རང་ཡང་ཡང་བརྣང་དུ་བཅུག་སོང
ཁེར་རྐྱང་དུ་ལུས་པའི་ཟླ་བ་སྒོར་མོ་དེ
གྲང་རླུང་གི་འགྲོས་དང་བསྟུན་ནས
ཧྲིག་ཧྲིག་ཏུ་འཐོར་བས
ང་ཡི་དྲན་པའི་ཚེར་ལོ་དག
ནམ་མཁའ་དང་གཙང་པོ་དག་ནས་སྐྱེས་ལ
དུས་ཚིགས་དང་དུས་ཚིགས་མ་ཡིན་པ་དག་ལ་རྙིད
དུས་ཚོད་ཀྱི་རོ་སྒམ་དྲུད་པའི་ཁྱོད
མུན་པ་འདིའི་ཁུག་སོ་ནས
ངའི་སྐྱེ་འཆི་གཉིས་ལ་འབྱོར་ཡོད་པ
ང་ཁོ་ནས་ཤེས
༢༠༡༤•༡༡•༣༠ར་རྔ་མཁར་ནས།
དགུན་གཞུང་གི་དབྱངས་རྟ།
ངས་ལག་པ་བརྐྱངས་ནས།
ཁྱོད་ཀྱི་ནམ་མཁའ་རུ་འཇའ་ཚོན་ཞིག་བྲིས།
སྣེ་གཅིག་ཁྱོད་ལ་ཕོག་ཅིང་
སྣེ་གཅིག་ང་ལ་ཕོག་པར་བྱས།
དེ་ནི་སྔ་དྲོ་ཞིག་ཡིན།
ཁྱེད་ཀྱིས་ཉི་འོད་གླེང་ཞོར་ཉིན་གུང་ལ་ཐོན།
ཉི་འོད་ཀྱིས་ང་ཡི་འཇའ་ཚོན་དེད་ནས།
ང་ཡི་བློ་སྒོ་བརྒྱབ་ཅིང་།
རྨི་ལམ་གྱི་ཟམ་པ་བཅད།
ང་ཡིས་སླར་ཡང་།
རང་ལ་འཇའ་ཚོན་གྱི་ཟམ་པ་ལྟ་བུའི།
སྐྲ་ཚུགས་ཤིག་བསླེས་ཤིང་།
དགུན་ཁ་ལྟ་བུའི་ཁྱོད།
དགུན་ཁ་ཞིག་ལ་དྲན་པར་བྱས།
༢༠༡༢•༡༢•༢༡ར་རྔ་མཁར་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།