ཆར་སྡོད་བྱེའུ་ཞིག་དྲན་ཚུལ།
--------ཁྱེད་ཀྱིས་ཇི་ལྟར་བཙལ་ཡང་ཅི་ཡང་མ་རྙེད་པ་དེའང་། འཚོལ་སྙེག་ཅིག་གི་རིན་དོད་ཡིན་སྲིད་ཅེས་ངས་ཁྱེད་ལ་ཅི་ལྟར་གློད་དམ།
རི་ངོགས་ཆུང་ཆུང་།
ཇ་ཁང་ཆུང་ཆུང་། སྒེའུ་ཁུང་ཆུང་ཆུང་།
དོ་ནུབ་ཀྱི་ནམ་མཁའ་ཇི་འདྲའི་ཆུང་ཨང་།
“ཟླ་འོད་མེད། སྐར་འོད་མེད།
ཅི་ཡང་མེད་པས། ངས་སྙན་ངག་འབྲི”འདོད།
ད་ནངས་ཞོགས་པ།
དབྱར་ཟླ་དྲུག་པའི་ད་ནངས་ཞོགས་པ།
བྱེའུ་ཆུང་འཕུར་བྱུང་།
ཐག་རིང་ཐག་རིང་དུ། ཞེན་ཆགས་དང་ཕྱི་མིག་མེད་པར་འཕུར་བྱུང་།
བྱེའུ་ཆུང་འཕུར་དུས།
གཤོག་འོག་ཏུ། ད་དུང་།
“འབྲོག་ཕྲུག་མའི”ལས་དབང་རུམ་ཞིང་།
བྱེའུ་ཆུང་འཕུར་དུས།
རི་ངོགས་ཀྱི་མིག་བཙུམས་སོང་།
ངའི་མིག་ནང་དུ།
སྨག་མུན་འཁྲིགས་ཤིང་འཁྱག་རླུང་འཚུབ་འོང་།
བྱེའུ་ཆུང་།
“ཡུལ་མཐའ་འཁོབ་ཡར་ལུང་ཁོག”གི་རྨི་ལམ་རྒུམ་གྱིན།
བྱེའུ་ཆུང་།
“གངས་ཏེ་སེའི”གབ་ཚིག་འཐུ་བཞིན།
བྱེའུ་ཆུང་།
“སྐྲ་ལོའི་བང་སོ”སྔོག་གིན།
བྱེའུ་ཆུང་།
རྒྱ་ཡུལ་ནས་མང་ཡུལ་ལ་འཕུར་བྱུང་།
བྱེའུ་ཆུང་འཕུར་དུས།
གྱེས་ཕྱག་ཏུ། ཐེངས་ཤིག་ལ།
ཁོས“འབྲུག་ཡུལ་ནས་ལྷ་ས་དྲན”་མྱོང་ཟེར།
ཚོད་ཚོད་ལ། དོ་ནུབ།
ངས“བྱེའུ་ཆུང་གིས།
བོད་ཡུལ་འདྲ་བའི་མང་ཡུལ་ནས། ལྷ་ས་ཐེངས་གཅིག་གླེང་ངམ”
ཞེས་རྩད་འདྲི་བྱས།
བྱེའུ་ཆུང་ཀྱེ།
ཁྱེད་ལ་སྐྱེལ་མ་གནང་མཁན།
ཁྱེད་ལ་མིག་ཆུ་དཀུ་མཁན།
ཁྱེད་ལ་ཕྱི་མིག་སྲིང་མཁན།
ཁྱེད་ཀྱི་རྒྱབ་ཁུག་ཏུ་བཅུགས་པའི།
ཐུ་བྷོ་བཙན་རྒྱལ་གྱི་ས་ཁྲ་ཐེད་པོ་དེ་ཡིན་ནམ།
ཡང་ན། ཡང་ན།
བཙན་པོ་གླང་དར་གྱིས་བཀླགས་མྱོང་བའི།
ཕོ་བྲང་དམར་པོའི་མདུན་ཐང་གི
རྡོ་རིང་ངོས་ཀྱི་ཡིག་འབྲུ་དེ་དག་ཡིན་ནམ།
བྱེའུ་ཆུང་ལགས།
ཡོད་ཡོད་འདྲ་བའི་མང་ཡུལ་ན། དོ་ནུབ།
ཁྱེད་ཀྱིས“གར་སོང་ཆ་མེད་དུ་གྱུར་བའི།
སྤྲེའུ་ཉམ་ཆུང་དེ་དང་།
གཏུམ་དྲག་པའི་སྲིན་མོ་དེ”གཉིས་འཚོལ་གྱིན་ཡོད་དམ།
ཡང་ན། ཡང་ན།
“ངུ་ཤེས་པའི་ཁྱེད། ལྷ་ས་རུ་འབྱོར་ན།
ནང་མ་ཁང་གི་སྦུག་ཏུ་མ་འཛུལ། ལོ་གསར་གྱི་གཏམ་རྒྱུད་ཅིག
ཧོར་དམག་གིས་བརྩམས་པས།
ལྷ་ས་ནི་དྲན་ཆོག་པའི་ལྷ་ས་ལགས”
ཞེས་རང་ཉིད་ལ་གསལ་འདེབས་གནང་གི་ཡོད་དམ།
འཕུར་དང་།
མེས་པོ་ཚོའི་རྐང་རྗེས་འཐུ་བཞིན།
བཙན་པོ་ཚོའི་དུར་བྱང་ཀློག་གིན།
ལོ་རྒྱུས་ཀྱི་ས་རྡུལ་སྤྲུག་ཞོར།
འཕུར་དང་།
འདི་བོད་ཡུལ་གྱི་ཉི་ཟླ་ཉག་ག་མིན་ཡང་།
ཧི་མ་ལའི་རི་ཟོམ་ནས།
སང་ཉིན། སང་ཉིན།
ངས་ཁྱེད་ལ་རེ་སྨོན་གྱི་རླུང་རྟ་སྤུར་ཆོག
༡༥/༦/༢༠༡༤ ཉིན་ཞི་བདེ་ཇ་ཁང་དུ་སྦྱར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།