སྐད་ཅིག་མ་དང་རྨི་ལམ་གྱི་ངོས་གཞན།(ཞར་བཀོད་གཉིས་ཡོད)
དང་ཐོག་ང་རང་སྐྱེས་པ་ཞིག་ཡིན།
ངའི་རལ་གྲིའི་སོ་ཁ་ན།
ཧུ་ཏི་ལིའི་གཏུམ་དྲག་ཀྱང་དུམ་བུར་གས།
ངས་དམག་ཆེན་གཉིས་པ་ལ་རྗེས་དྲན་ཡང་ཡང་བྱས།
སྐབས་དེར། ང་ལ་རྨི་ལམ་གཅིག་ཀྱང་མེད།
དེ་ནས་ང་རང་དགོད་སླ་ཞིང་ངུ་སྐྱེན་པའི་བུད་མེད་ཅིག་ཏུ་གྱུར།
བུད་མེད་དེའི་སྐྲ་ལོས་ངའི་འཇིག་རྟེན་དམ་དུ་བསྡམས།
ངས་རང་གི་ཕ་ཡུལ་ལ་བདེ་མོ་བཞག
དེ་དུས། ངའི་སྣང་བ་རུ་རྨི་ལམ་ཁྲ་ཁྲ་ཞིག་ཡོང་།
དེ་ནས་ང་རང་བྱེའུ་ཞིག་ཏུ་གྱུར།
བྱ་ཁྲ་དང་ལྷན་དུ་ཞལ་བྲོ་འཁྲབ།
ས་སྲོད་ཀྱི་མཚམས་དེར་ཁ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཡང་ཡང་བཏབ།
སྐབས་དེར། ངའི་རྨི་ལམ་ནི་དཀར་པོ་འབའ་ཞིག་ཏུ་གྱུར།
དེ་ནས་ང་རང་གྲོག་མ་ཞིག་ཏུ་གྱུར།
སྦྱིན་བདག་གི་ཁང་པའི་འགྲམ་དུ་བུ་ག་ཞིག་འབྲུས།
ཁ་པར་ངོས་སུ་ཅེར་ནས་ཡུན་རིང་གཉིད་ཡུར།
དེ་དུས། ངའི་རྨི་ལམ་ནི་སྟོང་པ་ཉིད་དུ་གྱུར།
༢༠༡༤ ༦ ༡༧ ཉིན་སྦྱར།
སྣང་བར་སྙེག་པའི་ཕ་རོལ་པོ།
ཁྱེད་ཀྱིས་སུ་ལ་གྱ་ནོམ་པའི་སྐྱེས་ཤིག་དབུལ་བར་བརླམས་ཏེ།
གསེར་མདོག་གིས་གཡོ་བའི་སྙེ་མ་དེའི་ལང་ཚོ་འཕྲོག་པར་བྱས།
ཅི་ཞིག་དབུགས་ལྒང་བཞིན་ཁྱེད་ཀྱི་སྔུན་ན་གང་བ།
རང་གི་རྣམ་ཤེས་འཕྱན་པའི་དཀྱིལ་འཁོར་ཆུང་སོང་བ་མིན་ནམ།
ང་ཚོ་ནི་སུའི་སོར་མོར་འཁྱིལ་བའི་ཕྲེང་བ་ལྟར།
གཅིག་རྗེས་གཅིག་གིས་བདས་པའི་བང་རིམ་དེ་ཡིན་ངེས།
ནམ་ཞིག ང་ཚོས་སྐྱེ་བ་ཕྱི་མར་རྙེད་པའི་གནའ་ཡིག་འགའ་ལ་གསེད་བཀྲོལ་བྱས་ཚེ།
སྐར་མའི་མིག་ཆུ་དང་གཙང་པོའི་དགོད་སྒྲ་ཡ་མཚན་པ་དག་ཀྱང་ཤེས་ངེས་སྙམ།
ལོ་བཅོ་ལྔའི་རྗེས་སུ་ཁྱེད་ཀྱིས་སུ་ཞིག་ཕྱིར་དྲན་བྱ་སྲིད།
ཡང་ན། ལོ་ངོ་བཅོ་ལྔའི་རྗེས་ཀྱི་དེ་རིང་།
ཁྱེད་ཀྱིས་སུ་ལ་མཆིལ་ཞགས་འཕང་ངེས།
ང་ཚོས་དཔའ་དམ་ལས་ཚུར་ནར་བའི་ལྕེབ་ཐགས་དེ་ཤེས་པར་མཛོད།
ང་ཚོས་མོག་མོག་གྱུར་པའི་རང་གི་ནམ་མཁའ་དྲན་པར་བྱ།
ཐེར་ཟུག་དང་བརླིང་པོ་མིན་པའི་སྤྱིལ་བུ་དེ་ལས།
ང་ཚོས་ཕ་རོལ་བགྲོད་པའི་ལམ་བུ་ག་ལ་འཁྲུལ།
རྒྱ་མཚོ་ནི་གླེན་གཤིས་ཀྱི་གདུག་རྩུབ་ལས་མ་གྲོལ་ཏེ།
ང་ཚོས་རྒྱང་རིང་བསྲིངས་པའི་སྤྱན་མིག་མ་གཡོ་བར་བྱ།
དུས་དེ་ནས། རང་གི་མདུན་ངོས་ན་འཕུར་བའི་སྐར་མ་ཆུང་ཆུང་དག་རེ་རེ་ནས་གཟུང་།
༢༠༡༤ ༦ ༢༨ ཉིན་སྦྱར།
ཕྱི་རོལ་ན་ཆར་བ་ཆག་ཆག་ཏུ་འབབ།
ད་ནངས། བསྐྱར་དུ་རྨི་ལམ་གྱི་འཁྲུལ་བ་ལས་སད་རྗེས།
སེམས་ཀྱི་གཙང་པོ་རབ་ཏུ་གཡོ་བའི་བྱེའུ་ཞིག་གིས།
རྨི་ལམ་གྱི་སྒོ་གླེགས་གཞན་ཞིག་རྡུང་བྱུང་།
ང་རང་མཐའ་ཀླས་པའི་འགྲུལ་བཞུད་ཅིག་ལ་གླན་ནས།
ཕ་ཡུལ་དང་ཨ་མའི་འགྲམ་དུ་བསྐོར་བར་ཆས་ཤིང་།
ལམ་འགྲམ་གྱི་དེའུ་འབུར་རེ་ནས་ནམ་མཁར་རེག་པ་ན།
ཕྱི་རོལ་ཏུ་ཆར་བ་ཆག་ཆག་ཏུ་འབབ།
བརྩེ་དུང་གིས་བསླེས་པའི་འཇིག་རྟེན་ཞིག་ཏུ་ཚོར་བ་ན།
ངས་ཕ་ཡུལ་དུ་སྨོན་ལམ་བཏབ་ཞིང་།
ཕུ་ནུ་ཚོའི་གོམ་སྒྲ་ལས་བསམ་གཞིག་སྣེ་གཅིག་ལ་འོད་སྒྲོན།
འདི་ནས་ཕྱེ་ལེབ་ཅིག་ལ་སྤྲུལ་ཏེ།
ལས་རླུང་གི་འཁོར་བར་ཞུགས་པའི་སྣང་བ་ཉུལ་སྐབས།
ཙག་སེར་བའི་རླུང་གི་སོ་ཁ་ན་ཆར་བ་ཆག་ཆག་ཏུ་འབབ།
གློ་མདོག་གི་འཁོར་བའི་ཡུག་གཅིག་ཏུ།
ངས་སེམས་གཞིག་གི་གྲུ་ཁ་སྣ་ཚོགས་བསྐྱར་དུ་བཞེངས་ཤིང་།
འཁྲུལ་སྣང་གི་བརྩེ་བ་དུ་མ་དམ་དུ་བཏགས།
ད་དུང་།
ལྗིད་ཏིག་གེར་སེམས་ཀྱི་སྣང་བ་བསྐྱུར་ཏེ།
ག་ལེར་བདེ་མོ་འཇོག་པའི་སྙིང་ཉེ་བ་སུ།
ང་ཡི་འཇིག་རྟེན་ངོས་སུ་གདུང་ཡུས་ཀྱི་ཆར་བ་ཆག་ཆག་ཏུ་འབབ།
༢༠༡༤ ༧ ༡༦ ཉིན་སྦྱར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།