མི་ཞིག(ཞར་བཀོད་གཅིག་ཡོད)
ཉིན་མོ་མང་ཤོས་ལ་ཁོ་རང་གཉིད་དུ་ཡུར་བ་ནི་འུག་པ་ཞིག་དང་འདྲ
ཁོ་རང་ནམ་སྨད་ཀྱི་ཆུ་ཚོད་གཉིས་པར་གཉིད་ལས་སད་རྗེས
སླར་ཡང་རྨི་ལམ་ཅི་ཞིག་རྨི་བའི་ཕྱོགས་སུ་སེམས་ཁྲལ་ཤོར
ནམ་ཞིག་ནས་ཁོ་དང་བཅས་པའི་ཁོའི་འདུག་ཤག་ནང་གི་ཅ་ག་ཡོད་ཚད
ཚེ་སྲོག་མི་གནས་པའི་གྲམ་ཐང་མུ་ཡས་པ་ཞིག་ལ་འཚོ་དགོས་བྱུང་ན
ཁོས་ཉིན་མཚན་རེས་མོས་སུ་རང་གི་ཕུང་བོ་ཧྲང་ངེར་བཅལ་ཞིང
ཚེར་ལྒང་གི་མེ་ཏོག་བཏབ་པའི་རྫ་བུམ་ཞིག་རང་གི་གམ་ལ་འཇོག་ངེས
དེ་ལ་རང་གི་ཤ་ཁྲག་གིས་བརླན་དང་ལུད་འཇོག་ངེས་ཡིན
ཁོས་སླར་ཡང་རང་ཉིད་འགྱིག་གམ་ཤིང་གི་མི་ཞིག་ཡིན་ན་བསམ་བྱུང
དེ་ལྟར་ན་ཁོ་རང་མ་གཞི་ནས་འཚོ་ཚིས་ལ་ཁོ་ཐག་ཆད་པའི་མི་ཞིག་ཡིན་པས
སེམས་ངལ་གང་ཡང་རང་གི་སྙིང་ཤ་གླན་མྱོང་བའི་མཚན་མོའི་མི་དེ་ཚོར
དུས་ཚིགས་འཁྱགས་པ་ཞིག་འདས་འཕྲོའི་ཞེན་ཆགས་སུ་བསྐྱུར་མ་རུང
གལ་སྲིད་ཁོ་རང་དེ་དུས་ང་ཚོ་སུ་ལའང་ངོ་ཕྲད་མྱོང་བའི་མི་དེ་ཡིན་སྲིད་ན
ནམ་གུང་གང་རུང་ལ་ང་རང་ཁོ་དང་ཉོལ་བོ་གནང་ཆོག
༢༠༡༤ལོའི་ཟླ༧པར།
རྨ་ཆུ་ནས།
སྣང་བ་མག་མོག་གི་ཕྱི་ནང་།
ཁྱེད་ཀྱིས་ང་རང་བརྗེད་པར་གཏོང་སླད
ང་རང་མཁའ་དབུགས་ཀྱི་གསེང་ལ་བསྐང་སྟེ
ཁྱེད་ཀྱི་གང་སར་འཁྱུད་ཅིང་བསྲེས་ནས་ཡོད
ང་རང་དུད་སྨིག་ལ་ཐིམ་ནས་ཡུན་ཙམ་འགོར་ཞིང
སེམས་ཀྱི་གསང་བ་ཞུ་སའི་ནམ་མཁའ་ཞིག་བྱུང་ན
ངའང་ཁེར་རྐྱང་ལ་ཁེན་པའི་སྐར་ཆ་མང་བོ་ཞིག་ལ
རྨི་ལམ་དང་ལྷན་དུ་ཁྱེད་ཀྱི་རི་བོར་ཉུལ་འདོད
སྒེའུ་ཁུང་དང་སྤྲིན་པ་དང་ཉི་མའི་ལྷག་ཟེར
ང་ཡི་ལམ་དང་ཁང་མིག་གི་དཀར་ཁུང་ཆུང་ཆུང
དྲན་སྣང་གི་ངོས་སུ་ཐུར་དཔྱངས་པའི་པར་ངོས་ཀྱི་སྒྲེན་མ
རྣལ་གྱིས་སེམས་དུས
ང་རང་སྔ་ནས་ཁྱེད་ཀྱི་སྐྱི་ལྤགས་ཀྱི་བསུང་ངད་ལ་ཐིམ་འདུག
བར་སྐབས་ཤིག་ལ
ས་རྡུལ་ལེབ་མོ་ཞིག་གིས་ཁྱེད་ཀྱི་གདོང་བ་བཀབ
ངའང་དཔེ་ཆའི་བརྩིགས་པ་མང་བོའི་ཁྲོད་ལུས
མི་ཚོ་བཞད་གད་ཤོར་བའི་ནམ་ཞིག་ལ
སྣང་བའི་ཆར་ཆུ་ཡོད་ཚད་མུན་པའི་ཧྲགས་བར་ལ་ཟགས།
༢༠༡༣/༩/༣
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།