ཁང་མིག་འདི།
ཁང་མིག་འདི
སུ་དང་གང་གིས
གླུ་ལེན་ས་མིན བྲོ་འཁྲབ་ས་མིན ཀི་འདེབས་ས་མིན
བླ་དང་སྲོག་གི་རྣམ་ཤེས་ཁོ་ན་གཟིམ་པའི་ཁང་མིག་འདི
བདག་གི་རྨི་ལམ་ཞོ་རུ་ཆགས་ས་ཡིན
ཁང་མིག་འདི
སུ་དང་གང་གིས
འཇིག་རྒྱུ་མིན འཚོང་རྒྱུ་མིན གནང་རྒྱུ་མིན
སུས་ཀྱང་མགྲོན་ཁང་དུ་སྒོམ་པའི་ཁང་མིག་འདི
བདག་གིས་རྐང་རྐྱོང་ལག་སྣར་བྱེད་ས་ཡིན
ཁང་མིག་འདི
སུ་དང་གང་གི
གསེར་གྱི་རི་རབ་མིན དངུལ་གྱི་ལུང་བ་མིན ཟངས་ཀྱི་མཆོད་རྟེན་མིན
རང་བྱུང་ཉི་མས་དགའ་བ་བསྐྱེད་སའི་ཁང་མིག་འདི
བདག་གི་ཤ་རུས་ཁྲག་གསུམ་འཐོར་ས་ཡིན
ཁང་མིག་འདི
སུ་དང་གང་གི
ཉི་མའི་ཁྱིམ་རྒྱུད་མིན ཟླ་བའི་གུར་ཁང་མིན སྐར་མའི་གོ་ལ་མིན
མཆོད་ཀོང་འོད་ཐིག་འཁྱིལ་བའི་ཁང་མིག་འདི
བདག་གིས་མིག་ཟུང་རྒྱང་ལ་གཏད་ས་ཡིན
ཁང་མིག་འདི
སུ་དང་གང་གི
མིག་གི་ལོངས་སྤྱོད་མིན རྣ་བའི་རོལ་དབྱངས་མིན ལྕེ་ཡི་རོ་བཅུད་མིན
ཉི་ཟླ་རིས་སུ་ཤར་བའི་ཁང་མིག་འདི
བདག་གི་དབྱངས་གསལ་མེ་ཏོག་འཁྲུངས་ས་ཡིན
ཁང་མིག་འདི
སུ་དང་གང་གི
གདོང་གི་གཉེར་རིས་མིན སྐྲ་ཡི་ཁ་དོག་མིན རྐང་བའི་གཏམ་རྒྱུད་མིན
སེམས་ཀྱི་ལོ་འབྲས་སྨིན་པའི་ཁང་མིག་འདི
བདག་གི་སྲུང་གཡག་གཡང་ལ་འགུག་ས་ཡིན
ཁང་མིག་འདི
སུ་དང་གང་གི
རྒྱབ་རི་བྲག་དཀར་མིན མདུན་འཁྱིལ་ཤིང་ལོ་མིན སྙིང་གཏམ་ཆུ་མོ་མིན
ཁ་བ་གདོང་ལ་འབབ་པའི་ཁང་མིག་འདི
བདག་གིས་སྐྱོ་གདུང་གླུ་ལ་བཅོལ་ས་ཡིན
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།