ཐར་བ་ལ་སྨོན་པ།
ང་རང་མེ་ལོང་དུ་ཅེར་ཏེ་དུས་གསུམ་གྱི་ཕྱི་ནང་སློག་པ་ཡིན
བསམ་གཞིགས་ཀྱི་སྒོ་མོ་ཤེད་ཀྱིས་འབྱེད་ཚེ་དུས་གསུམ་ནི་མེ་ལོང་ངོས་ཀྱི་རྡུལ་ཙམ་མོ
མུ་ཏིག་སིལ་མའི་ཡོལ་བ་དེས
ང་རང་ཡང་ཡང་བསྒུལ་ཅིང་ཡང་ཡང་བསྲེགས་པའི་གོ་རིམ་ནི
མེ་ལོང་དུ་རྡུལ་གྱིས་དཀྲིས་པའི་དཀྱིལ་འཁོར་ཞིག་ཆགས་པའི་གོ་རིམ་དང་ཀུན་ནས་མཚུངས
མེ་ལོང་དུ་བལྟས་ཀྱིན་བལྟས་ཀྱིན
མེ་ལོང་དུ་རྟ་ཕོ་ཁམ་པ་ཞོན་པའི་ལྷ་དམག་བྱེ་བ་རྡུལ་གྱིས་འཚུབས་ཏེ་ཐོན་བྱུང་
ལག་ཏུ"ཡ་ཟི་སྐར་ཕྲན"དང"བ་དན་མདུང་རིང"ཐོགས་པའི་ལྷ་དམག་དེ་དག
ང་རང་འཁོར་བའི་རྟེན་ཕུར་ཏུ་འདོགས་གྲབ་ཀྱིས་ཐོན་བྱུང་བ་ཡིན་ནམ
དེ་བས འཇིགས་དངངས་གློ་བུར་བ་ཞིག་སྐྱེས་ཏེ་བདག་གིས་མེ་ལོང་གཅོག་གྲབ་བྱས་པ་ཡིན
བཙའ་ཡིས་ཟིན་པའི་བདག་འཛིན་གྱི་འཁྱོག་གཟུགས་དེས
མེ་ལོང་དང་རྣམ་ཤེས་ཀྱི་བར་ཏུ་ལམ་བུ་སྐྱ་བོ་ཞིག་བཏོད་འདུག
ལམ་བུ་དེའི་ཕ་རོལ་ནི་རྣམ་ཤེས་ཀྱི་ལོག་མལ་ཡིན་རབས་ཟེར
མེ་ལོང་འདིའི་ཚུར་རོལ་ནི་རྣམ་ཤེས་ཀྱི་དབུགས་ཀ་འགག་ས་ཡིན་གསུངས
རྟོག་དཔྱོད་ཀྱི་རལ་གྲི་དེ་ཞ་ཉེ་ཡིས་གྲུབ་པ་མིན་ཚེ
ང་རང་ཁྲོས་ཐེངས་གཅིག་གིས་མེ་ལོང་ལ་རལ་གྲིས་བརྡབས་ཏེ་བཅག་རྗེས
འཇའ་ཚོན་ཇི་བཞིན་སྟོན་མཚན་གྱི་མཁའ་རུ་རང་ཉིད་དུས་གསུམ་དུ་འཁྱུད་པར་འདོད
༢༠༡༤ལོའི་ཟླ༨པའི་ཚེས༨ ཉིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།