ཤུན་པུ་ཅན།
མི་དེ་སྐྱེས་པ་ནས་ཤུན་པུ་ཅན་ཞིག་རེད བཀྲེ་སྐོམ་ཙམ་ལྟ་ཅི
བརླན་ཐིགས་གཅིག་གི་ལན་དུའང་སྐད་ཅོར་ཆེན་པོ་བརྒྱབ་ཡོང
ཤ་རློན་པ་ཙམ་གྱི་དུས་ནས སྐད་ཆེན་པོ་འདི་ལྟར་རྒྱག་དོན
མ་གཞི་ཁོ་སྒེར་སེམས་ཀྱི་ལན་ཆགས་ཤིག་ཡིན་རྟགས་རེད
ན་ཚོད་ཀྱི་གོ་རིམ་དུ སེམས་ལ་ཤུན་པུ་བརྒྱབ་པ་བཞིན
སྐད་ཆ་དང་འགྱུར་བ་ལའང་རིམ་པ་བཞིན
ཤུན་པུ་བརྒྱབ་ནས་མཐུག་པོ་ཆགས་སོང
ཕྱི་ཤུན་དེ་ན ད་ལྟ་ནང་ཤུན་ཡང
སྒོང་ང་ལྟ་བུའི་བརྩེགས་མ་མང་ཚོད་རེད
མི་དེ་སྐྱེས་པ་ནས་ཤུན་པུ་ཅན་ཞིག་རེད
ཤུན་པུ་ཕྱི་བརྩེགས་ནང་བརྩེགས་དེས
མཛེས་པར་བྱས་ཡོད་ལ མི་མཛེས་པའང་བྱས་ཡོད
བློ་གྲོས་ཀྱི་ཁུག་མ་དེ་རུ
རང་ཁོ་ནས་འདོད་པ་སྡུད་བསོག་བརྒྱབ་རྗེས
ཤེས་རབ་ཀྱི་འོད་དེ་ཡང
རང་གི་ཁང་པ་གསལ་བྱེད་ཙམ་དུ་བཙུགས
དེ་ཡང་གཞུང་ནོར་དག་སྒེར་དུ་སྡོམ་པའི་བསམ་པ་ཤུན་པུ་ཅན་རེད
ཁྱིམ་གཞི་ཞིག་བཟོས་རྗེས ཐང་ཆེན་པོ་ཞིག་ར་བས་བསྐོར་རྗེས
རི་ཆུ་དང་ནགས་ཚལ་ཡང་རང་ཁོ་ནས་ཡིན་པ་འདྲ་བའི་འཁྲུལ་སྣང་ཤུན་པུ་ཅན་དེས
རི་བརྐོ་བ་དང་ཆུ་རྙོག་པ ནགས་ཚལ་གཅོད་པ་ལྟ་བུ་ལ་གཏན་ནས་བག་མི་ཚ་བ་བྱས་སོང
མི་དེ་སྐྱེས་པ་ནས་ཤུན་པུ་ཅན་ཞིག་རེད
དེ་བཞིན་བསམ་པ་དང་ཀུན་སྤྱོད་ཀྱང་ཕྱི་ཤུན་ནང་ཤུན་མང་པོ་རེད
ཁྱོད་ཀྱིས་རང་གི་ཤུན་པུ་དེ་དག་རེ་རེ་ནས་བཤུ་བར་འདོད་དམ
༢༠༡༥•༣•༣༠
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།