རྔུལ་ཆུ་འཛར་བ།༼ ཞར་བཀོད་གཅིག་ཡོད ༽
རྗེས་མི་ཆོད་པའི་གྲིབ་མ་དེ
རྟ་ཕོ་ཁྲ་ཁྲ་ཞིག
རྡུལ་འཚུབ་ཀྱི་མེ་ཏོག
བྲག་ངོས་ལ་ཡང་ཡང་བརྡབ་པའི་ཚིག་གི་གཤོག་པ
རྒྱུ་སྐར་མང་པོས་རྔ་མ་མགོ་ལ་ཁུར
ཉི་འོད་དྲང་མོར་འཕྲོས
ཤེལ་གྱི་མི་དེ་འོད་མེད་པར་གྱུར
གོ་རེ་རླངས་བཙོས་ཤིག
མེ་འཁོར་གྱི་ཆོམ་སྒྲས་རུལ་དུ་བཅུག
ལག་པ་ཡ་གཅིག
བྲིས་མ་ཚར་བའི་དར་ཤིང
གྲགས་རྒྱུ་མེད་པའི་ཌ་རུ
འོད་རྒྱུག་རྒྱུག་གི་བྱི་བ་ཚོན་པོ
མལ་དུ་ལོག་པའི་ཐ་སྙད
ཕར་གཟུར་ཚུར་གཟུར
འཚང་ཁ་སྟོབས་ཀྱིས་རྒྱག
ལག་རས་ནག་པོས་གཅུད་པའི་མགོ་བོ
འབའ་རེ་འབུར་རེ
ཅན་ནེའི་ནང་ལ་ལྷུང་བའི་མེ་ལྕེབས
༢༠༡༤-༡༡-༠༥
ཁང་མིག་དོག་པོ།
ཁང་མིག་འདི་ཤིན་ཏུ་དོག་པས
གྲིབ་མ་རྐྱོང་སའང་མི་འདུག
སྒེའུ་ཁུང་ཕྱི་རོལ་གྱི་ཙག་རླུང་ནང་དུ་ལྡང་ཙ་ན
ལུས་ཀྱི་བ་སྤུ་རེ་རེ་ཡང་ཤུགས་ཀྱིས་གཞོག་པར་བྱེད
མདང་ནུབ་མཚན་གང་བོར་རྨི་ལམ་འཁྲུག་པས
དེ་རིང་རྔུལ་ནག་གི་རླངས་པས་ཁང་མིག་ཇེ་དོག་ཏུ་བསྒྱུར་ཟིན
ང་ཡིས་བསམ་གཞིག་གི་ཐག་པ་ཕྱི་ལ་འཕངས་ཏེ
བྲག་ཐེམ་གྱི་བྱ་གླག་ཅིག་གསོ་བར་འདོད་མོད
དཔེ་སྒྲོམ་གསེབ་ཀྱི་གསོམ་སྡོང་དག་སྐྱེས་པས
ཁང་མིག་ཆུང་ཆུང་འདིར་ཤོང་ཐབས་ཁྱོན་ནས་མི་འདུག
ན་ནིང་འདི་རུ་ལག་དམར་ཞིག་བསྐུང་ནས་ཡུན་རིང་འགོར་བས
ཆ་སྒམ་ཁའི་མེ་ཏོག་དེ་རྙིད་པར་འཇམ་ཐིང་ཐིང་གི་མྱ་ངན་ཞིག་ཤོང་མྱོང
འོན་ཀྱང་དུར་ཐལ་སྤར་གང་ཡེ་ནས་གདབ་ས་མ་རྙེད
ཨ་ཡོ ཁང་མིག་འདི་དོག་པོ་ཞེ་དྲག་འདུག
༢༠༡༤-༡༡-༡༨
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།