འཁྲུལ་སྣང་དེའི་རྗེས་སུ།༼ ཞར་བཀོད་གསུམ་ཡོད༽
རྨི་ལམ་དུ་ཁྱེད་ཀྱི་གྲིབ་མ་ལྟ་བུ་ཞིག་འཁོར
ལག་པས་རེག་ཐབས་བྲལ་བ་དེ
སྒེའུ་ཁུང་ལས་ཕྱི་རུ་ཤོར
ཕ་གའི་ལྗོན་པ་འགའི་ཡལ་འདབ་སྟེང་སྨིན
བདག་གིས་རང་ལུས་ལ་ཕུར་ཕུར་བྱེད་ཀྱིན
ཁེར་རྐྱང་གཞན་ཞིག་ཡིད་ལ་དྲན
མདུན་ཐད་ཀྱི་མེ་ལོང་ལས་རང་གི་གདོང་ཕྱེད་མངོན
བྲང་གི་རུས་གཏིང་དུ་རྒྱང་རིང་གི་སྐར་འོད་འཚེར
འཁྱག་སིབ་སིབ་ཀྱི་སྣང་བས་ཁ་རོག་གེར་བཏང
སྐབས་དེར འཕྲིན་ཤོག་འདིའི་སྤྲིན་པ་དུམ་བུར་ཆད
སྣང་བ་ཞིག་ལ ང་ཡིས་རང་ཉིད་གང་ཞིག་ཏུ་འཁྲིད་ཀྱི་འདུག
༢༠༡༤ ༠༩ ༠༩ དགོང་མོ།
གོ་རིམ་ཞིག
མཚན་མོའི་མེ་དམར་པོ
རང་གི་ཐབ་ཀ་རུ་འབར
བུད་ཤིང་གི་ཐལ་བའི་ནང་དུ་མེ་ལྕེའི་ཁྲག་ཐིགས་འཛར
མིག་གི་མེ་ལོང་དུ ཆགས་པའི་གཟེར་མ་གཟེངས
གཟུགས་མེད་པའི་ཅི་ཞིག་འཕྲད་ཉམས་ཀྱིས
མུན་པའི་སེང་རས་གཏེད
གྲིབ་མའི་སྟངས་སྟབས་ལས
འདོད་པའི་ལྕགས་ཚན་ངར
ཉལ་ཐུལ་དང་མལ་གདན་ལས་རོལ་དབྱངས་རླུང་ལྟར་མཆེད
རྔུལ་ནག་ཁྲོམ་ཁྲོམ་ཀྱི་ཁྱོད་ཀྱིས
རང་གི་ས་བོན་དེ་ཞིང་ས་གཞན་ཞིག་ཏུ་བཏབས
༢༠༡༤ ༡༠ ༢༩ ཉིན་མགྱོགས་པོར་བྲིས།
ཁྱེད་དང་མཉམ་དུ་མངོན་ཡོང་བ་དག
འཆི་བ སྣང་བ
སྒོ་དང་སྒེའུ་ཁུང
རབ་རིབ་དུ་སྐྱེས་པའི་རྭ་ཅོའི་ལོ་མ
ཁེར་རྐྱང་གི་རྨི་ལམ
ཞོགས་པ་སྐྱ་བོ
བཀྲེས་སྐོམ་གྱིས་བཀླུབས་པའི་མིག་གི་རྣོ
ར་སྐོར་གྲུ་བཞི རྐང་རྗེས་ལེབ་ལེབ
འདམ་རྫབ་དང་འོབས་དོང
ཤིག་ཤིག་གཡོ་བའི་མཛེས་སྡུག་གི་ལན་བུ
ཐག་རིང་གི་ཁྱོད
ཁྱོད་ཀྱི་དག་ཞིང་དང
དགུ་ཚིགས་ཀྱི་བཀྲགས་མདངས
མཚན་སྨག་གི་ལག་པ
བརྩེ་བའི་ལྗིད་ཤུགས
ལང་ཚོའི་མེ་སྟག་དང་ཐག་པ་ཁྲ་ཁྲ
ཁྱོད་ཀྱི་རེག་བྱ་འཇམ་པོ
ངག་གི་ཚེར་མ
ལྡིང་ཁང་ནག་པོ
དྲན་གཞས་ཀྱི་སྨུག་པ
ཁྱེད་དང་མཉམ་དུ་མངོན་ཡོང་བའི་ཡིད་ལྗོངས་ཀྱི་ཡལ་ག
༢༠༡༤ ༡༡ ༠༦ ཉིན།
དེ་རིང་།
བདག་གི་མིག་ཟུང་མཁའ་དབྱིངས་སུ་བགྲད
རྒོད་པོའི་གཤོག་ཁུག་གི་འོད་ཀྱི་ཟེགས་མ་རྒུམ
ཁྱོད་ཀྱིས་ཐག་རིང་ནས་རྣོ་སྦྲེང་དཀྲོལ
རླུང་བུ་ཡང་མོའི་སྡེར་མོ་མཁྲེགས་པོར་བསྒྱུར
ལྷོད་ཡངས་ངང་འཚོ་བའི་མི་རྣམས
དུས་ཚོད་ཀྱི་གཙང་ཆུས་ཁུར
དེབ་ཅིག་ཡང་ཡང་བཀླགས་རྗེས་མི་ཞིག་དྲན
ཆང་ཕོར་ནང་འཆི་བ་གླེང་བའི་མི་དག
ང་དང་འདྲའམ
གྲང་ངར་གྱི་རྫ་བུམ་དུ
མཚལ་མདོག་གི་མེ་ཏོག་སྐྱེས
ཁྱོད་ཀྱི་འདབ་མའི་དཀྱིལ་དུ
ང་ཡི་ངོ་གདོང་ཤར
ལྷ་མོ
སེམས་ཀྱི་ལྷ་མོ
༢༠༡༤ ༡༡ ༢༤ ཕྱི་དྲོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།