ལྗིད་ཏིག་ཏིག་གི་ལོ་མ།༼ ཞར་བཀོད་ལྔ་ཡོད ༽
མཐོ་ས་ཞིག་ནས
འདང་ཆེ་ས་ཞིག་ནས
མར་ལྷུང་སོང
མར་ལྷུང་སོང་བ་དེ
མིག་མདུན་གྱི་མཛེས་ཤིང་སྡུག་པའི་ལྡེབས་རིས་ཤིག་དང་འདྲ
ཚོན་དང་ཁ་དོག་ཞིག་སོང་བའི་གྱང་ངོས་སྐྱ་ལིང་ངེ་ཞིག་དང་འདྲ
ངས་ཕར་ཕྱོགས་སུ་བལྟས
ང་དང་འདྲ་མི་འདྲ་ཅི་རིགས་ཀྱི་མི་ཚོགས་མཐོང
མིག་བཙུམ་ནས
རང་ཉིད་ཟེར་བ་ཞིག
མི་ཚེ་འདྲ་བའི་དུས་ཚོད་འདྲ་བའི
གང་ལྟར་ལམ་པ་ལྟ་བུ་ཞིག་ནས་ཕར་འགྲོ་ཚུར་འོང་བྱ་རུ་བཅུག
བརྗེད་དུ་མེད་པའི་བརྩེ་དུང་གི་ཚབ་ཏུ
སེམས་པ་ལྟ་བུའི་ཁང་སྟོང་ཞིག་ནས་རླུང་བུའི་ཤི་སྒྲ་ཁོ་ན་ཐོས
ཉམས་སྣང་ལ
དུས་ཚོད་ཀྱི་ཚབ་ཏུ་མཐའ་ཀླས་པའི་མྱ་ངམ་ཐང་ཞིག་ཁ་ཕྱེས་ནས
རང་ཉིད་ཟེར་བ་ཞིག་གནམ་སའི་ཁ་ཁྱོན་དུ་བྱེ་རྡུལ་བཞིན་སྤུར་འདུག
མར་ལྷུང་སོང་བ་དེའང
ལྗིད་ཏིག་ཏིག་གི་བྱེ་རྡུལ་རེ་རེ་རེད་འདུག
སེམས་པ་འདི་རྡུལ་བཞིན་ཟེགས་རྗེས
ཤུལ་དུ་མར་ལྷུང་སོང་བའི་ལྗིད་ཏིག་ཏིག་གི་ལོ་མ་ཞིག
ཁེར་རྐྱང་གི་མཚོ་ངོགས་སུ་འཁུར་བཞིན་འདུག
ལྗིད་ཏིག་ཏིག་གི་ལོ་མ
ལྗིད་ཏིག་ཏིག་གི་རླབས་ཕྲེང
ཕྱིར་འདང་བརྒྱབ་ན།
ཕྱིར་འདང་བརྒྱབ་ན་ཁེན་ས་ཐོགས་ས་ཅི་ཡང་མི་འདུག
ཡིད་སེམས་བཀུག་མྱོང་བའི་སྙན་ངག་དག་ཀྱང་ཁ་བ་བཞིན་བབས་ནས་ཞུ་སོང
ཆ་ཡོད་ཆ་མེད་ཀྱི་མི་རྣམས་ཀྱང
རང་རང་གི་སེམས་ཀྱི་རྒྱང་རིང་ལ་ཆས་སོང
ལོ་གཅིག་གི་དུས་ཚོད་ནི
ཆུ་འཁྱག་དེམ་གང་གདུས་ནས་ཚར་སོང་བ་ལྟར
ཚ་བེར་བེར་གྱི་རླངས་པ་ཁོ་ན་སེམས་པའི་གཟུགས་ཀྱིས་རྒྱུ
2015/2/18ལ།
ཆར་རྗེས་ཀྱི་མགྱོགས་བྲིས།
ཆར་རྗེས་ཀྱི་ཉི་འོད་ཀྱིས
ཕྱི་དྲོ་འདི་བདག་ལ་བསྩལ་བྱུང
མཛེས་སྡུག་ནི་གཙང་བོ་ཞིག་ལྟར་ང་རང་ལྕེབས་པར་སྒུག་འདུག
རྣམ་ཤེས་ལ་བྱབས་ཁྲུས་ཤིག་བྱས་རྗེས
མིག་ཟུང་གིས་འཇིག་རྟེན་འདི་གྲ་མ་ཆག་པར་མཐོང་སོང
སུ་ཞིག་གིས་སྒེའུ་ཁུང་ནས་ཕྱི་ལ་ལྟ་བ་བཞིན
རྩྭ་ལྗང་དང་ལྗོན་པ
ཉི་འོད་སོགས་བདག་ཡིད་ཀྱི་སྒེའུ་ཁུང་དུ་འཚང་བྱུང
ནེམ་ཤུག་ཤུག་གི་ཡུལ་ལྗོངས
བག་ཡངས་སུ་རྒྱུ་པའི་རླུང་གི་གར་སྟབས
ང་རང་ཐག་པ་ཞིག་ལྟར་རྐྱ་ཞིག་སོང
རྡོ་བའི་རྩིགས་པ་དང་མི་སེམས་ཀྱི་ཨར་འདམ་ཁོ་ན
ད་དུང་ཨ་འཐས་ཀྱི་གཡུལ་ལ་ཞུགས་འདུག
༢༠༡༤/༩/༡༢ལ།
བུ་མོ་ཞིག་ལ་ཀུ་རེ་བརྩེས་པ།
དོ་དགོང་ཁོམ་པ་ཡོད་ན
ངའི་གམ་དུ་ཤོག
བརྩེ་དུང་དང་མཛུབ་དཀྲིས་ཤུལ་དུ་ཕུད་ནས་ཤོག
ང་རང་ཁྱོད་ཀྱི་ཁ་གཏད་ཀྱི་མུན་པའི་གསེང་ན་ཡོད
མུན་པ་ནི་འདོད་ཆགས་ཆེ་བའི་གླང་རྒན་ཞིག་རེད
ཨ་ལ་ཀུ་རེ་ཡིན
གློག་བཀར་མ་འདུག
གྱང་ངོས་སུ་གྲིབ་མ་ཤར་འདུག་ན་ཐང
གཅེར་བུར་བུད་པའི་གྲིབ་མ་གྱང་ངོས་འཇམ་པོ་ཞིག་དང་འདྲ་མོད
ནུ་མ་གཉིས་ཕ་བོང་རེ་དང་འདྲ་བར་གྱང་ངོས་ནས་འགྲིལ་འགྲོ་ན་ཐང
ཨ་ལ་ཀུ་རེ་མིན་ན་བདེན
ངས་ཁྱོད་མལ་ཐུལ་ནང་ལ་བསྡུས་ནས
ཚ་ལུ་མ་ཞིག་ལྟར་ཤུན་པ་བཤུས་རྗེས
ཧ་ཧ་ཧ
ནམ་གུང་གི་མགྲོན་པོ།
____མཚན་ལ་སྙན་ངག་པ་ཞིག་དྲན་པ།
ནམ་གུང་ཞིག་ལ
ཁྱོད་ད་དུང་གཉིད་མེད་དོན་ཅི
ང་སད་ཐེངས་རེ་རེར
ངའི་མིག་ཟུང་གི་མཚོ་མོར་བརྡར་བའི་གཤོག་པ་དཀར་བོ
ཤ་དང་རུས་པའི་གར་སྟེགས་ལ་འཐིམ་པའི་སྟངས་སྟབས་ཀྱི་དར་ཤམ
ངའི་རྨི་ལམ་དང་མངོན་སུམ་གྱི་མདུན་དུ་འགྲེང་བའི
ང་མེ་ལོང་ཞིག་ཏུ་བཅོས་རྗེས
རྐང་ལག་གིས་ཡུལ་ལྗོངས་ཆེན་པོ་ཞིག་ལྟར་སྐྱོར་དགོས་པའི
ནགས་ཚལ་ཆེན་པོ་ཞིག་ལ་དབང་བསྒྱུར་ཏེ
སྟག་གཟིག་གི་རི་མོ་མནབས་པའི
བདག་གི་ནམ་གུང་གི་མགྲོན་པོ
༢༠༡༤/༩/༡༥མཚན་མོར་བྲིས།
རྨི་ལམ་ཁྲ་ཁྲ།
གཉིད་ཁུགས་མ་ཐག
མགོ་སྔ་དང་རིམ་པ་མེད་པའི་རྨི་ལམ་དག
ཤེལ་ལེབ་ཞིག་གས་གཏོར་ཤོར་བ་བཞིན
བདག་གི་དབང་པོའི་བར་སྣང་དུ་མར་འཐོར་ཡོང
མངོན་སུམ་ཁྲོད་ཀྱི་མི་ཁ་ཤས་དང་ཡང་ཕྲད་སྲིད
དེ་ཚོ་ནི་དབྱིབས་འགྱུར་བཏང་བའི་ཅ་ལག་རེ་དང་འདྲ་བར
ང་ཡིས་གྲོགས་པོ་དང་དགྲ་བོར་དགར་བའི་དབྱེ་མཚམས་ཡང་བཤིག་འགྲོ
རྨི་ལམ་དུ་ང་ཡིས་གཏན་ཁེལ་གྱི་ཁྱིམ་ཞིག་རྙེད་མ་མྱོང
དབུགས་ཧལ་ལེར
རྩྭ་རྩེར་རྡོག་པ་བརྒྱབ་ནས་འགྲོ་དུས
རླུང་གིས་ང་ལ་སྒོ་དང་ལམ་པ་ཕྱེས་ཡོང
ང་ཡི་ཁྱིམ་ནི་རས་ཡོལ་དཀར་བོའི་ཕག་གི
དུད་སྨུག་ལང་ལོང་ཞིག་ཡིན་འདུག
འཆི་བ་ནི་རྨི་ལམ་ནས་ཐུར་བརྡབས་ཏེ
མངོན་སུམ་ལ་ཟུག་པའི་ལྕགས་འཇའ་ཞིག་དང་འདྲ
ང་རང་གཡང་གཟར་དང་མཚོན་རྩེ་ལ་གཏད་ཐེངས་རེར
རྨི་ལམ་ནས་མངོན་སུམ་ལ་ལྷུང་འགྲོ
ཅི་ཞིག་འདྲོགས་ཡོང་སྟེ་སྔར་གྱི་ཁ་མལ་ལ་བབས་ཡོང་དུས
ངས་རང་ཉིད་འཕྲུལ་ཆས་ཤིག་ལྟར་མངོན་སུམ་གྱི་ཁྲོད་དུ་ལྷུ་ལག་བསྒྲིག་དགོས་འདུག
༢༠༡༤/༨/༡༥ལ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།