ཧྲང་ཧེའི་ས་འོག་མེ་འཁོར།༼ ཞར་བཀོད་གཉིས་ཡོད ༽
ལག་པ་རློན་པ་ཞིག
སེམས་འཁྱགས་པ་ཞིག
དེས་བསྙབས་པའི་ཚི་ལེན་སྲབ་མོ།
iPhoneདྲུག་པ་ཞིག
BMWསོ་མ་ཞིག
དེ་དག་གི་བར་ན་རྒྱུ་བའི་རྣམ་ཤེས་ཕྲ་མོ།
མེ་ཤི་ཚར་སོང་ཡང་།
མི་རྣམས་སྤྲོ་ཚོགས་ལ་རོལ་ཞིང་།
བརྩེ་བ་ཡོད་ཚད་སྲ་མཁྲེགས་སུ་གྱུར་ཏེ།
ལྕགས་ཐབ་འཁྱགས་པ་ཆེན་པོ་ཞིག་གི་ཁོག་ཏུ།
ཆང་དམ་བེ་གང་རེ་སྦས་སོང་།
འབྲོག་སྟོང་གི་བརྡ་རྟགས་ཆད་ལ་ཉེ་བའི་སྐབས་དེར།
ཤོག་སྟོང་འགའ་རྒྱང་རིང་ནས་འཁུར་ཡོང་སྟེ།
བྱིས་པ་གཅེར་བུ་ཞིག་གི་འགྲམ་དུ་ལྷུང་།
དེ་ནི་དུས་ཚོད་ཁོ་ཚེ་ལས་འདས་ཁར་བྲི་སྲིད་པའི་བརྩམས་ཆོས་གཅིག་པོ་རེད།
མུན་ནག་གི་ཁྲོད།
ཤེལ་ནག་གྱོན་མཁན་དེ་གང་དུ་སོང་།
སང་ཉིན་ཉི་མ་འཆར་སྲིད་ན།
ངས་མི་དེ་རྙེད་སྲིད་དམ།
ས་འོག་གི་རྨི་ལམ།
ས་འོག་གི་དུས་ཚོད།
༢༠༡༥ ༣ ༢ཉིན།
མིང་མེད།
ཉི་འོད་ནི་ཆེས་ཟབ་པའི་བརྩེ་དུང་།
ཉལ་ཁྲི་ནི་ཆེས་ཆེ་བའི་དུར་ཁྲོད།
རྨི་ལམ་ནས་སྦྲུམ་པའི་མེ་ཏོག
ནོའུ་ཡོག་ནས་བཞད་སྲིད་དམ།
ཁེར་རྐྱང་གི་འཁྱགས་རིའི་ཏོག་ཏུ།
འུ་ཐུག་པའི་མི་རབས་ཤིག་ལུས།
སྐྱ་ཟད་སྔོ་རྡུགས་ཀྱི་ཚེ་སྲོག
རབ་རིབ་མག་མོག
ང་རང་སྐར་ཕྲན་ཞིག་ལ་སྤྲུལ་ནས།
མཚན་མོ་འདིའི་སྐར་ཁུང་སྲུང་འདོད།
༢༠༡༥ ༣ ༢༡ཉིན།
བདག་པོ་མེད་པའི་བརྩེ་དུང་།
བརྩེ་བ་ནི་རྡོ་ཕ་བོང་ཞིག་ཡིན་ན།
ང་རང་ཤིན་ཏུ་ཡིད་སྤྲོ་བར་འགྱུར།
ཀླད་པས་འབྲི་མི་དགོས་པའི་སྙན་ངག་ག་ཚོད།
སྲང་ལམ་འདིའི་གཡས་གཡོན་ཀུན་གྱི་གད་སྙིགས་བཞིན།
སྙིང་ནས་བརྡོལ་བའི་མིང་ཚིག་དག་ཀྱང་།
བདག་པོ་མེད་པར་འཁྱམས་ཤིང་ལྡོམ།
དེ་དག་ཕྱོགས་གཅིག་ཏུ་འདྲིལ་བཏུབ་ཚེ།
ང་ཁྱོད་ལ་དགའ་ཞེས་པའི་ཚིག་དེ་བཟོ་ཐུབ་སྲིད།
ཡང་དེ་དག་སྙིང་ལ་ཉར་ཐུབ་ན།
ང་ཁྱོད་དང་ནམ་ཡང་བྲལ་མི་སྲིད་ཅེས་པའི་གཏམ་དེ་ཡང་བསྒྲིགས་ཐུབ་པར་སྙམ།
ཡིན་ཡང་།
ཁྱོད་ནི་བདག་པོ་མེད་པའི་ཤོག་སྟོང་བཞིན།
ཧ་ཅང་སྲབ།
༢༠༡༥ ༣ ༢༢ཉིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།