དཔེར་ན་ང་ལ་ས་ཁྲ་ཡོད་པ་བཞིན།
ང
རྟོག་པས་བཞེངས་བའི་རི་བོ་ཞིག་གི་རྩེ་མོར་འགྲེང་ཡོད
དེ་ནི་ཤོག་བུ་དཀར་པོ་དེའི་ངོས་ན་འབུས་ཡོད
ང
སྡུག་བསྡལ་གྱི་ངོ་བོ་ལས་བཙགས་པའི་གཙང་བོ་ཞིག་གི་དཀྱིལ་དུ་བསྡད་ཡོད
དེ་ནི་སྙུག་གུ་དེའི་ལྟོ་བར་འཁྱིལ་ཡོད
ང
ཁྱེད་ཀྱིས་ཀློག་མ་ཚར་བའི་གཏམ་རྒྱུད་དེ་ཡི་གསེང་ན་ཡིབ་ཡོད
དེ་ནི་ལོ་རྒྱུས་ཀྱི་མངལ་དུ་སྦྲུམ་ཡོད
ང
འདི་ལྟར་ཐག་རིང་ཞིག་ལ་འགྲོ་རྩིས་ཡིན
དེ་ནི་རང་གི་རྨི་ལམ་གྱི་ཐོང་ངོས་སུ་སྦས་པའི་ས་ཁྲ་ཞིག་ཡིན་མོད
ས་ཁྲ་ལས་ངའི་རྣམ་ཤེས་སམ་ངའི་གཟུགས་འགྱུར་གྱི་ངོ་བོ་གཞན་ཞིག
དཔེར་ན སེང་གེ་ཞིག་ཚུར་མཆོང་ནས་སྙིང་ནད་འགོས་པའི་གྲིབ་མ་དང་ཡོངས་སུ་མ་གྱེས་ཚེ
ང
སྔར་བཞིན་སྨུག་པས་བཏུམས་པའི་རྐང་ལམ་དེར་སྐྲག་སྐྲག་ལ་འདུག་དགོས
ངས་ཅི་ཡང་མཐོང་གི་མི་འདུག
མཐའ་ན་རུམས་ནད་ཀྱིས་བརྣགས་པའི་ངོ་གདོང་ཧྲིལ་བོ་འདི་ཡང
ང
ལོང་པ་ཞིག་རེད
དེ་ནི་ས་ཁྲའི་ངོས་སུ་སྨུག་པ་འཐིབས་ཡོད་པས་རེད
དེ་ནི་མིག་གི་མི་མཐོང་བའི་སྡུག་བསྔལ་ལས་ཀྱང་གཏིང་ཟབ
ང
ཐག་རིང་ཞིག་ལ་འགྲོ་རྩིས་ཡིན
དཔེར་ན རླུང་བུ་ཕྱོགས་བཞིར་ལྡང་དུས
ངས་དབྱར་ཟླ་ལ་ལོག་ཕེབས་ཡོད་པ་དྲན
ཚེ་སྲོག་ལ་སྐྱེ་འཕེལ་ཡོད་པ་རྟོགས
ང
རང་གི་གྲིབ་མ་ལས་གྱེས་ཤིང
དཔེར་ན ཁྱེད་ང་ལ་དགའ་བཞིན་གྱེས་སོང་པ་བཞིན
ཤ་ཚིལ་འདྲེས་པའི་སྡུག་བསྔལ་གྱི་དགོང་ཚུགས་དེར་རོལ་རྗེས
རྐང་ལམ་ཕྲ་མོ་ཞིག་བརྒྱུད་ནས་བུད་འགྲོ
དཔེར་ན
ཁྱེད་ཀྱིས་རྨི་ལམ་ལས་ང་མཐོང་དུས
ང
གཞི་ནས་ས་ཁྲའི་ངོས་སུ་འཐིམ་ཟིན་པ་དེའོ
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།