སྙན་ངག་ཚན་པ་བདུན།
མཇུག་མཐའི་རེ་བ།
ང་ལ་འཛུམ་མདངས་ཏོག་ཙམ་ཞིག་བསྐྱུར་རོགས
ངས་འཁྱགས་རེངས་སུ་ལུས་པའི་མཚན་མོ་དེ་སྦར་དགོས
2014/11/12
སྐྱེལ་མ།
རླངས་འཁོར་གྱི་དུང་སྒྲ་བརྒྱབ་རྗེས
ང་ཡི་གོམ་ཁ་ཕྱིར་ལ་བསྒྱུར་ཏེ
མི་ཚོགས་མེད་པའི་ཟམ་ཁ་དེ་རུ་བསྐྱོད
ལམ་བར་ནས
སྐེ་དཀྲིས་ལྗང་སྐྱ་ཅན་གྱི་མུ་ལྟོ་བ་ཞིག་གིས
ང་ལ་མིག་ཆུ་སློང་བྱུང
སྙིང་རྗེ་ཆེ་བས་མིན་ཏེ
ང་ལ་ཐབས་ཤེས་མི་འདུག
༢༠༡༥ལོའི་བོད་ཟླ་༡པོའི་ཚེས༢ལ།
ཁྲི་ཤོར་རྒྱལ་མོ།
མཚོ་མོའི་གཡོ་སྐྱོམ་གྱིས
ང་རང་སྤྲུགས་སྤྲུགས་སུ་བཏང་བྱུང
ང་ནི་ཆུ་ཡི་ཝུ་བ་ཞིག་དང་འདྲ་བར
གང་དུ་གཡོ་ན་དེ་རུ་བཞུར་འགྲོ
2014/8/31/མཚོ་ཁར།
ཁེར་བཤད།
མུ་མཐའ་བྲལ་བའི་སྔོ་ཡོམ་ཡོམ་གྱི་མཚོ་མོ་འདི
ཁྱོད་ཀྱི་ལུས་ལ་གྱོན་པའི
ནམ་མཁའི་རྒྱ་ཁྱོན་འདི་ཡིན་ནམ
ཡང་ན ཁྱོད་ཀྱིས་ང་ལ་བཞག་པའི
མིག་ཆུའི་གྲངས་ཚད་དེ་ཡིན་ནམ
2014/8/31/མཚོ་ཁར།
མིང་མེད།
རྨི་ལམ་སྟོང་ཕྲག་གི་བང་རིམ་བརྒལ་ནས
ང་རང་ཁྱེད་ཀྱི་སྙིང་ཁུངས་སུ་འཛུལ་དུས
ཁྱེད་ཀྱིས་ང་ཡི་བྲང་གཞུང་དུ་ཆུ་འཁྱག་མ་བླུགས་ཤིག
16/3/2014
ཡིག་རྡོག་རེ་ལ་ཐོད་པ་གཏུགས་ནས་ངུ་ཚུལ།
ཡིག་རྡོག་རེ་ལ་ཐོད་པ་གཏུགས་ནས་ངུ་ཚུལ་འདི
ངས་ཁྱོད་རང་གླེང་བ་བཞིན
མུན་པ་ཟ་བའི་ས་སྲོད་དང་མཚུངས
ཡིག་རྡོག་རེ་ལ་བུ་ག་རྟོལ་རྗེས
སྦྲུལ་རློམ་པ་ཞིག་གི་མགོ་མཇུག་གྲུབ་སྲིད
རློན་གཤེར་གཤེར་གྱིས་རང་སེམས་སུ་འཛུལ་རུང
ཁྱོད་རང་སྐྲག་མི་དགོས
དེ་ནི་ཁྱེད་དྲན་པའི་གདུང་བ་ཡིན།
2014/3/3
དོ་ནུབ།
མུན་པ་ལ་མུན་པ་རྩེག་གིན
ཟླ་འོད་ཀྱི་ལན་བུ་རེ་རེ་གྲི་ཡིས་གཏུབ
རྨས་ཕོག་པའི་རླུང་བུ་ཞིག་ལྡང་དུས
ང་རང་གླེང་མཁན་སྙན་ངག་གཅིག་པུ་རེད་འདུག
8/2/2014
བར་ཐག་གི་རྨི་ལམ།
ངས་ཐག་རིང་གི་གནམ་སའི་མཚམས་ནས
སྤྲིན་པ་ལྗང་ཁུ་ཞིག་ལ་ཁ་བརྡ་བཤད་འདོད
སང་ཉིན་གྱི་གནམ་གཤིས་ལ་ཉི་འོད་ཕོག་དུས
ཆར་བ་འབབ་སྲིད་དམ
ཡང་ན རླུང་ལྡང་ངམ
༢༠༡༤/༡/༡
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།