མདའ་བཙན་པོའི་སྙན་ངག་གསར་བ། ཡི་གེའི་བར་ཏུ་བཅུག་པའི་ང་ཡི་ངོས་ཤིག
རླུང་དང་ཁ་བའི་གོ་ཁྲབ་གྱོན་པའི་དགུན་ཁ་འདི
སྤྱིར་ན མལ་ཐུལ་ནང་གི་བུ་མོ་དེ་དང་འདྲ་བར་དྲོ་ན་ཆོག་མོད
སྲོད་ཁའི་ཐུན་མཚམས་ཀྱི་མཁུར་ཚོས་དམར་བོ་ཆགས་ཚུལ་གྱིས
འཇིག་རྟེན་གྱི་སྙིང་བོ་ནི་རྡོ་ཡི་སེང་གེ་བཞིན་བྲང་ཁ་གླན་ས་ཞིག་མིན་པ་འདྲའོ
དྲུད་ནས་ཟད་རྒྱུ་མེད་པའི་ཚེ་ཕྱེད་ཀྱི་གྲིབ་མ་འདིས
ཚར་ལྭ་ནག་པོ་ཞིག་བཟོས་ན
དུས་ཀྱི་སྲང་ལམ་དང་འཚོ་བའི་མི་ཚོགས་ཀྱིས
འུ་གཉིས་ཀྱི་དུས་ཆད་བྱེད་སའི་ཆུ་མིག་ཏུ་གད་སྙིགས་འཕོ་སྲིད་དམ
རས་ཕད་ནག་པོ་དེའི་ནང་དུ་ཁྱོད་ཀྱི་རྨི་ལམ་བཅུག་ཅིང
སྐར་མ་རབ་རིབ་དེས་མ་འོངས་པའི་སྲབ་ཐག་བྱས་ན
ངེད་གཉིས་མ་གཉིད་པའི་སྔོན་ལ
སྐྱ་རེངས་ནི་རི་སྤྱང་སྐྱ་བོ་ཞིག་དང་འདྲ་བར་སྒེའུ་ཁུང་ཁར་བུད་ནས
སྤྲིན་པ་དམར་སྨུག་ཅིག་དང་འདྲ་བའི་ལྕེ་ནར་མོ་དེ་ཁ་ནང་ནས་འདྲུད་སྲིད་དམ
སྨྲ་ཉེས་ཤོར་བའི་སྐད་ཆ་ནི་དེ་འདྲ་ཞིག་བཙོག་ན
དེ་ཡིས་རང་ལ་བཙོན་ཁང་ཞིག་ཕུག་ནས་ནང་དུ་བཅུགས་ན
ལས་འཕྲོར་བཞག་པའི་དགའ་སྐྱོ་གཉིས་ཀྱིས
ཉིན་མཚན་མེད་པར་སྒོ་ཤེད་ཀྱིས་བརྡུང་སྲིད་དམ
གྱང་ངོར་ཅེར་ན་དེ་ནི་ལོ་རྒྱུས་ཁྲོད་ཀྱི་ངག་མི་སྨྲ་བའི་སྐྱེ་བོ་ཞིག་དང་འདྲ་ལ
སྒེའུ་ཁུང་ནས་བལྟས་ན་དེ་ནི་ལྭ་བ་བརྗེ་བར་བྲེལ་བའི་ཇ་མ་ཞིག་དང་འདྲ་བས
མིག་ཟུང་ཤེད་ཀྱིས་བཙུམས་པ་ན
སེམས་དང་བཅས་པ་ནི་རླུང་འཚུབ་ཅིག་ལྟར་གཡུགས་འོང་ནས
ང་ལ་དབང་བ་ཡོད་ཚད་ཤུལ་མེད་དུ་བཟོ་བ་འདྲའོ
༢༠༡༥ལོའི་ཟླ་༢པའི་ཚེས་༢༦ལ་ཕ་ཡུལ་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།