བཙའ་ཆགས་པ།༼ ཞར་བཀོད་གསུམ་ཡོད ༽
མེ་ཏོག་རྙིད་པོ་ཞིག
ཆུ་ཁ་རུ་གཡེང་ནས་ཡུན་རིང་འགོར་རྗེས
ཐལ་རྡུལ་གྱིས་གཏམས་པའི་རླུང་འཚུབ་ཅིག
སྲོད་དང་འགྲོགས་ནས་ང་སར་འོང
ལང་ཚོ་ཁུར་བའི་ཕྱེ་ལེབ་ཅིག་ཀྱང
ཆུ་ཁ་ནས་ཡུན་རིང་དུ་འཕུར
མེ་ལོང་ལ་ཆགས་པའི་བཙའ་དེ
ནད་ཀྱི་འབྱུང་རྩ་རུ་གྱུར
2015.4.1
བར་ཐག
སྨག་ནག་པའི་མཚན་མོ་དེར
འཇིག་རྟེན་གྱིས་ཆོད་པའི་ཕ་རོལ་དེ་ན
གདུང་སེམས་སྩོལ་བའི་སྒྲོན་མེ་ཞིག
མུན་པར་འབྲོངས་ནས
འོད་ལ་བྱེར
སྒྲོན་མེ་ཐོགས་པའི་སེམས་པ་ཞིག་ཀྱང
ཆ་མེད་ཀྱི་རྡུལ་རྫས་བཞིན
སྐར་མར་འགྲོགས་ནས་ཁྱོད་ཀྱི་ཉེ་ས་རུ་ཡུན་རིང་ཉུལ
མིག་ཆུ་ཁུར་བའི་གཙང་བོ་དེ
ཁྱེད་ཉིད་གཡོར་བའི་གཞན་སྣང་གི་འཇིག་རྟེན་དེ་ཡིན་པ་འདྲ
2015.4.6
ཁུར་བོ།
ལོ་ལེགས་ཕུན་སུམ་ཚོགས་པའི་དགའ་ཚལ་ཞིག་ན
ང་རང་གཅིག་པུར་ནད་ཀྱིས་ཐེབས
ཁྱེད་ཅག་གི་རྒྱན་ཆ་དང་མཛེས་ཆས་དེས
ང་ཡི་རྟོག་པ་ཁྲིམས་ལ་སྦྱར
ཉིན་ཞག་འཁྲུལ་བའི་ལོ་ཟླ་འདི་དག་ལ
ཚེར་མའི་ཐང་ཞིག་ནས་ཡུན་རིང་ལ་བརྩེས་ཏེ
ན་ཟུག་དང་འོ་དོད་ནི ལང་ཚོའི་གཤེད་མ་ཁོ་ན་རུ་གྲུབ
2015.4.15
མཆོད་ཁང་གི་སྒྲོན་མེ།
མཆོད་ཁང་དུ
སྒྲོན་མེ་ཞིག་བསྒྲོན་ནས་ཡོད
སྒྲོན་མེ་དེའི་འོད་ལས
ངས་མིའི་རིགས་ཀྱི་འཚོ་བའི་རྒྱུད་དྲུག་ལ་ཉན་བཞིན
རང་གི་མི་ཚེའི་ཟློས་གར་ཡང་འཁྲབ་མགོ་དེ་ནས་བརྩམས
གློ་རྡེག་ཏུ་སྒེའུ་ཁུང་ལས
རླུང་འཚུབ་ཅིག་དྲག་ཏུ་ལྡང་ནས
བདག་གི་སྒྲོན་མེ་དེ་མེད་པར་བྱས
བགྲང་བྱ་དུ་མར་བསྒྲོན་མྱོང་བའི་སྒྲོན་མེ་དེ
དེ་ལྟར་གཟིམས་སོང་ན
ང་མུན་པའི་འཚོ་བ་ལ་ཅི་ལྟར་གོམས
2015.4.12
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།