སེམས་པ་འཁྱག་དུས།
འཚོ་བའི་བྱ་འདབ་འཕྲུལ་སྣང་གིས་བཟུང་རྗེས
ཁྲ་མའི་ཕྱི་རོལ་ན་ང་ལ་སུ་ཞིག་གིས་སྡང་མིག་བགྲད་ཡོང
ན་ཟུག་གི་ལག་པ་སྙིང་གི་བུ་གར་བཙངས་ཏེ
ཟུངས་ཁྲག་དང་འགྲོགས་ནས་ལུས་ཡོངས་སུ་ཁྱབ་རྗེས
བདག་གི་སྨྲ་བ་གཏན་དུ་འགོག་གྲབས་བྱེད
ཞོགས་པའི་ལང་ཚོ་དུས་ཀྱིས་རུབ་ཙ་ན
ཉེ་འཁོར་གྱི་གྲིབ་མའི་ཡལ་ག་དག་ཅི་བྱ་གཏོལ་བྲལ་གྱིས
རང་ཉིད་ཀྱི་ལུས་པོ་རུལ་མྱགས་སུ་གྱུར་བའང་ག་ལ་ཤེས
ཕྱི་དྲོ་རེ་རེར ཡང་ན་མཚན་གུང་རེ་རེར
ཁྱོད་ཀྱིས་རང་ཉིད་ཀྱི་རྡོག་ཁྲེས་ཁུར་ཏེ་འབྲོ་གྲབས་བྱས་ཀྱང
སྔ་མོ་ནས་བཀོད་སྒྲིག་བྱས་པའི་ཉུལ་མ་དེས་ཁྱོད་ཉིད་གཏོང་མ་མྱོང
ད་ལྟ་རྐང་ལག་དམ་པོར་བསྡམས་པས
ཁྱོད་ལ་རྨི་ལམ་གྱི་ཨ་ལོང་ཞིག་ལས་ཅི་ཡང་མི་འདུག
ཐ་ན་ལྷོད་ལྷོད་ཀྱིས་བཤང་གཅི་ཡང་འདོར་དཀའ
༢༠༡༥/༥/༤ཉིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།