དུས་ཚོད་ཀྱི་མདའ་ཁབ་ལ་བཀལ་བའི་གཞོན་ཤ།
ཁྱོད་ཀྱི་སྐྲ་གསེང་གི་མུན་པའི་འཇམ་ཤ་དག
མི་སེམས་ཀྱི་བྲག་རིའི་གཡང་ལ་ལྷུང་ཞིང་།
ཚོར་བའི་ལྟེབས་རིམ་གྱི་ལོ་ཟླ་དག
འཇག་མས་བསླེས་པའི་དྲན་པའི་སོ་ཁ་ནས་འདས།
ཟླ་ངོགས་ནས་འཐོར་བའི་ལ་གཞས་ཀྱི་ཐིགས་པ་དག
མི་སེམས་ཀྱི་མྱ་ངམ་ཐང་དུ་ཤེད་ཀྱིས་འཐེན་ཡང་།
གྱོང་རལ་དུ་གྱུར་བའི་ངོ་གདོང་ལ།
དུས་ཚོད་ཀྱི་འགོས་ནད་ཕོག་འདུག
ལག་པ་རྒྱང་དུ་བསྲིངས་ཏེ།
ཁྱོད་ཀྱི་ཕྱི་ནང་གི་རེག་བྱར་མྱངས་ན།
དེ་ནི་གཙང་པོའི་ཆད་འཕྲོ་དང་།
ལམ་གྱི་ཟད་འཕྲོ།
ལས་ཀྱི་མྱོང་འཕྲོ་ཙམ།
༢༠༡༥•༩•༢༥ར་རྔ་མཁར་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།