མཚན་མོ། མཚན་མོ།
མཚན་མོ་མང་པོའི་སྔོན་གྱི་མཚན་མོ་དེ
མཚན་མོ་མང་པོ་ཞིག་གི་རྗེས་ཀྱི་མཚན་མོ་ཞིག་རེད
སྐར་མ་སྐྱ་བོ་དག་ཀྱང་སྟོན་གྱི་ལོ་མའི་སྟེང་ལ་བབས
དེ་ནི་ང་ལ་རྨི་ལམ་རྨས་མ་ཞིག་གནང་མྱོང་བའི
ལོ་ཟླ་ག་ཙམ་གྱི་མཇུག་མཐའི་ཉི་མ་དེ་རེད
སྤྲིན་པ་ནག་པོ་ཞིག་གོས་སུ་གྱོན་ནས
ཆར་ཆུ་གངས་ཆུ་དག་སྐད་ཆ་རུ་འཐག་ནས
སེམས་འདི་རྦབ་རྡོ་བཞིན་དུ རྦབ་ཆུ་བཞིན་དུ
བྲང་སྐྱི་དུང་བས་བྲད་པ་དང་སྙིང་ཚིལ་དྲན་པས་སྐམ་པ
འཕྲིན་ཐུང་ཞིག་མ་འབྱོར་བ་ག་ལ་ཡིན་ཨང
རལ་ཅིང་ཐེད་པའི་མཚན་མོ་འདི་དག
ངས་ཁྱོད་ལ་བསྐུར་བའི་མེ་ལོང་ནག་པོ་ཡིན་ལགས
ནག་ལྡུར་དམ་བུ་གང་འཐུང་རྗེས
ད་གཟོད་སེམས་པ་འདི་ཝུ་བས་བརླན་ཐུབ་སོང
དུ་བ་རྐང་ཐུར་བརྒྱད་འཐེན་རྗེས
ད་གཟོད་རྣམ་ཤེས་ལ་བསེར་བུ་ཞིག་བརྒྱབ་སོང
ངའི་དྭངས་གཙང་རི་བོའི་ཕ་རོལ་ནས་ལུས་པར་སྣང
དེ་བས དྲན་པ་ནམ་ཡང་ཐོལ་གྱིས་གདུ་བཞིན་ཡོད
ཁ་བ་བབས་པའི་ཧྲང་ལམ་དེ་རུ
ལོ་དུ་མའི་སྔོན་གྱི་ཁྱེད་ཀྱི་རྐང་རྗེས་རྙེད་མི་སྲིད
གྲིབ་གཟུགས་ཀྱང་རྙེད་མི་སྲིད
ཡིན་ནའང ངས་ཧྲང་ལམ་དེ་ནས་ཅི་སྲིད་བར་དུ་བཙལ་ངེས
རེ་སྒུག་ཅེས་པ་སྲིབ་ཀྱི་རྡོ་སྤུངས་ཤིག་རེད
ལས་འཕྲོ་ཞེས་པ་ཉིན་གྱི་སྤེན་སྤུངས་ཤིག་ཡིན
མཚན་མོ་ནས་མཚན་མོར་བལྟས་ན
ཁྱེད་ཀྱི་མཚན་མོ་སྔར་ལས་ཀྱང་སྨག་སྟུག་པ་ཤེས་ཡོང
2015.2.6
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།