ཆར་བ་སྐམ་པོ།༼ ཞར་བཀོད་གཉིས་ཡོད ༽
མིག་ཆུ་བཞུར་གྱིན་པའི་བདག་གི་ལྷམ་ཐེད་པོ།
ཇི་སྲིད་དུ། བདག་གསོན་སྲིད་ན།
མེ་ལོང་འདྲ་བའི་བདག་གི་སྙིང་ཁ་རུ་བཟུང་ཡོད།
རྒྱུད་མང་ལྟ་བུའི་སྲིད་པའི་རོལ་མོར་བཀུགས་ཚེ།
ན་ཟུག་གི་སྐུད་སྣེ་རེ་རེ་ནི་རྙི་རྒྱ་ཞིག་ཏུ་གྱུར།
འགྲོ་ལམ་གྱི་སྣེ་མོ་ནས་དབང་བོ་ལྔ་རུ་གྱེས།
སྙན་ངག ས་ཆེན་དུ་བབས་པའི་བདུད་རྩི་དམར་པོ་ཞིག་རེད།
ཁྲག་དང་འདྲ་བས་དམར་པོར་གྱུར།
མེ་དང་འདྲ་བས་དམར་པོ་གྱུར།
རྣམ་ཤེས་སྟོང་གི་ཀི་རིང་གསེབ་ནས་ཐོན།
འོན་ཀྱང་། བྲག་ཅར་འཁོར་བའི་མེ་ཏོག་དེ་མཁའ་རུ་ཡལ་བས།
གཟབ་ཉན་བྱེད་ཀྱིན་པའི་མི་ཚོགས་གྲོལ་སོང་ན་ཡང་།
ཅིས་ཀྱང་བདག་གི་གོམ་ཁ་བརྗེ་འདོད་མ་བྱུང་།
མིག་ཆུས་གྲུབ་པ་མེ་ཏོག་ཨེ་རེད།
འདི་ནི་ར་བཟི་ཞིག་གིས་བརྗོད་པའི་སེམས་ཀྱི་ནང་རོལ་ཡོང།
སྲིད་མཐའ་བར་དུ། མགོ་བོ་མཐོ་མཐོ་བྱས་ཀྱང་།
སེམས་གཅོང་གི་སྨུག་པས་རི་རབ་བྱས་ཏེ་བསྟིམ།
མཐོང་ལམ་ལ་རྒྱུ་བ་ཡང་ཁྲག་དམར་གྱི་མཚོ་མོར་གྱུར།
དེ་དུས། ཐག་རིང་གི་རེ་བ།
སྤྲིན་པ་བཞིན་དུ་བཞུད་ཀྱང་ཤུལ་ལམ་ཡོད་པར་སྨོན།
༢༠༡༥/༥/༢༧/ཉིན།
རྨི་ལམ་གྱི་ལྡེབས་ངོས།
མཚན་ཐུན་རེ་རེའི་རྨི་ལམ་གྱི་ལྡེབས་ངོས་སུ་ཁྱེད་རང་ཤར་བ་ནས་བཟུང་།
ང་ལ་རྨི་ལམ་གྱིས་དཔུང་འཇུག་བྱས་སོང་།
དེ་དུས་ཐག་རིང་བའི་བར་སྣང་དུ་སྤྲིན་པའང་མེད་པར་སྣང་།
ཁྱེད་རང་ནི་གཏམ་རྒྱུད་འབྲི་མཁན་ཞིག་རེད།
སླུད་བྲིད་ཅིག་བཟློག་མ་ནུས་པའི་ང་རང་ཡང་གཏམ་རྒྱུད་འབྲི་མཁན་དུ་གྱུར།
ང་ཚོ་བླ་སྲོག་ཅིག་རི་མོ་ཕབ་མཁན་ཡིན་ནམ།
དེས་ན། ང་ཚོས་དབུ་འབྱེད་ཅིག་གང་ནས་རྩོམ་དགོས་འདུག
ང་ཚོའི་མཐའ་འཁོར་གྱི་རུ་སྡེ་ཚོ་མེ་ཕུང་གིས་ཚིག་དུས།
ང་ཚོའང་རྨི་ལམ་གྱི་མེ་ཕུང་དང་འདྲེ་བར་ཤོག
སྙིང་སྡུག་མ། ང་ཚོ་ལ་བར་ཐག་ཅིག་ཡོད་ཀྱང་།
ཕུགས་བསམ་གྱི་རྨུ་ཐག་ལ་བརྩེ་བ་ཞིག་ཅི་ལ་བྲིས་མི་ཆོག
འོད་ཟེར་དང་སྡེབས་པའི་མ་འོངས་ཟེར་ན་རྨི་ལམ་ཡིན་མི་སྲིད་ཀྱང་།
ང་ཚོ་ནི་རྨི་ལམ་ནས་འགོ་རྩོམ་མཁན་ཡིན་ངེས།
བརྩེ་བ་ཞིག་སྐྱུར་མ་ཐུབ་པའི་བར་གླགས་སུ།
ང་ཚོ་ཚང་མས་ཐག་རིང་དང་རྨི་ལམ་ཞིག་རི་མོར་བྲི་དགོས་བྱུང་།
ང་ཚོས་རི་མོ་དག རྡོ་དང་བྲག་ལ་བརྐོས་ཏེ་འབྲི།
༢༠༡༥/༥/༢༩/ཉིན།
ཁྱོད་ཚོའི་ངོ་གདོང་།
གལ་ཏེ། འོད་ཟེར་ཞིག་གི་སྣེ་མོ་འབྲི་སྲིད་ན།
ཤིན་ཏུ་ཐག་རིང་ལ་བསྲིངས་པའི་བར་ཐག་འདི་ཡོད་དམ།
འགྱུར་གྱིན་པའི་དུས་ཚིགས་རེ་རེ་ནས།
མི་རྟག་པའི་ངན་མཚང་རེ་རེ་བརྟོལ་ཟིན།
རིང་མིན་ཐུང་མིན་པའི་བར་ཐག་འདི་ཡོད་པས།
བདག་སེམས་ཀྱི་མཚོ་མོ་དྲག་ཏུ་འཕྱུར།
ལོ་རྒྱུས་དང་གནའ་གཏམ་དག་གིས།
མི་ཡུལ་ལ་བརྩེ་བ་དང་སྡང་བ་བསྐྱལ་ཏེ་ཐོན།
འོན་ཀྱང་། གསལ་བཤད་མེད་པའི་གཏམ་འཆལ་ཚོས།
ཡུན་རིང་ཞིག་ཏུ་བསམ་གཞིག་གི་སྣེ་མོ་ཞིག་བསྟན་བྱུང་།
འགུལ་གྱིན་འདུག བར་ཐག་འདིའི་དབྱེ་མཚམས་ན་འགུལ་གྱིན་འདུག
འགྱུར་སླ་བའི་རྟོག་སྣང་ཚོ་ནམ་ཞིག་ཏུ་སྦྲིད་སྨན་ལ་གྱུར་པ་རེད།
འདི་ལྟར་ཐོན་དུས། འགྲོ་ལམ་གྱི་སྣེ་མོ་རལ་འདུག
དེ་རིང་བབས་པའི་ཆར་ཆུས།
བདག་གི་སེམས་ཀྱི་འོད་ཟེར་བརླགས་ཀྱང་།
ཁྱེད་ལ་ལྷིང་འཇགས་པའི་བག་ཡངས་ཤིག་བྱིན་ཡོད་ཀྱང་སྲིད་པས།
ང་ཚོ་ཇི་ལྟར་འགྲོ་དགོས་སམ།
ད་དུང་རླབས་ཕྲེང་གཡོ་བའི་གཙང་བོ་དང་།
མཁའ་རུ་ཟུག་པའི་གཡང་གཟར་དུ་ང་ཚོ་མཉམ་མཆོང་བྱེད་དགོས་ན།
རྨི་ལམ་དུ་ཅི་ཞིག་རྨིའམ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།